དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

    (2025ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    དོན་ཚན་ཉེར་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་དང་ལྟ་སྡོམ་བྱེད་པའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་པོར་སྲུང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་འབྱུང་འཕྲོད་སྐྱེ་ཁམས་དང་བདེ་འཇགས་ཕྱོད་ཆེའི་ཞིང་ལས་ཐོན་སྐྱེད་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ཀྱིས་ཞིང་ལས་ཐོན་སྐྱེད་པས་རྫས་ལུད་དང་། ཞིང་སྨན། ཕྱུགས་སྨན་སོགས་ཚོད་འཛིན་ནན་པོ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ལོ་ཏོག་སོག་མ་ཕྱོགས་བསྡུས་བེད་སྤྱོད་དང་ཞིང་སྤྱོད་སྐྱི་སྲབ་དང་ཞིང་སྨན་ཕྱུགས་སྨན་གྱི་ཐུམ་སྒྲིལ་སྙིགས་རོ་སོགས་ཕྱིར་བསྡུ་གཙང་སེལ་བྱས་ནས་རྨོ་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱེད་དགོས།

    ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་པས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་གསོ་ཟུང་འབྲེལ་དང་། འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག ས་རྒྱུ་ལེགས་བཅོས། ས་རྒྱུའི་གཤིན་ཚད་མཐོར་གཏོང་། སྐྱེ་ཁམས་འཁོར་སྐྱོད། ནད་འབུ་གནོད་མེད་འགོག་ཟོན་སོགས་ཀྱི་བྱ་ཐབས་སྤྱད་དེ། ཚན་རིག་དང་མཐུན་པའི་ངང་རྨོ་ཞིང་བེད་སྤྱོད་བྱས་ནས་རྨོ་ཞིང་གི་རྨང་གཞིའི་ས་བཅུད་ལེགས་སུ་གཏོང་དགོས།

    དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་འཕེལ་སྒྱུར་དང་། སློབ་གསོ། ཚན་རྩལ། ནོར་སྲིད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་གྲོང་གསེབ། འཕྲོད་བསྟེན་བདེ་ཐང་། ཁྲོམ་ར་ལྟ་འདོམས། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་བཟོས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དམིགས་ཚད་དང་། ལས་འགན་གཙོ་བོ། ལས་གྲྭ་གལ་ཆེན། འགན་སྲུང་བྱ་ཐབས་སོགས་ཁ་གསལ་བཟོས་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་བྱེད་པ་དང་སྦྲགས་ལག་བསྟར་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཇུས་གཞི་བཟོ་དགོས་པ་མ་ཟད་དུས་བཀག་ལྟར་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་ལ་ཡོངས་བཤེར་དང་ཆེད་དོན་བརྟག་དཔྱད་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་ཐོག སྐྱེ་ཁམས་བར་ཁྱམས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་བརྒྱུད་སྦྲེལ་རང་བཞིན་ཆེ་རུ་གཏོང་དགོས།

    དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནགས་ལས་རྩྭ་ཐང་དང་ཞིང་ལས་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཀྱི་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་བཤེར་བྱས་ཏེ་དངོས་རིགས་ཡིག་ཚགས་ཚགས་ཚུད་པོ་བཟོ་དགོས། གསའ་དང་། འབྲོང་། གཙོད། ཤྭ་སྐྱ། བྷང་ག་ལའི་སྟག ཁྲུང་ཁྲུང་སྐེ་ནག་སོགས་དང་། སྲོ་ལོ་དམར་པོ་དང་ཤུག་སྡོང་ཆེན་པོ་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའམ་ཡང་ན་དམིགས་བསལ་སྲུང་སྐྱོབ་ཀྱི་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རང་བྱུང་གཅིག་སྡུད་ཁུལ་དང་འཚོ་སྡོད་ཁུལ་གལ་ཆེན་དུ་ཁྲིམས་བཞིན་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཁུལ། དེ་བཞིན་རི་སྐྱེས་སྐྱེ་དངོས་གཅོད་འབྲེག་བཀག་སྡོམ་ཁུལ་སོགས་སྐྱེ་ཁམས་ནུས་པ་སྲུང་སྐྱོབ་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ཏེ་སྲུང་སྐྱོབ་མཚོན་རྟགས་འཛུགས་པ་དང་སྦྲགས་སྲུང་སྐྱོབ་བྱ་ཐབས་ཡོངས་བསྒྲགས་བྱས་ནས་གཙོ་གནད་དུ་སྲུང་སྐྱོབ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་དང་ཞིང་ལས་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རི་སྐྱེས་སྲོག་ཆགས་ཀྱི་གནས་སྤོ་རྒྱུད་སྤེལ་བྱེད་ས་དང་འཚོ་སྡོད་ཁུལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་དགོས་ལ། སྐོར་སྲུང་ལྟ་བཤེར་དང་། མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ། འཚོ་སྡོད་ཁུལ་སླར་གསོ་སྒྱུར་བཀོད། གནས་སྤོ་སྲུང་སྐྱོབ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱེད་དགོས།

    རི་སྐྱེས་སྲོག་ཆགས་ཀྱིས་མི་ལ་རྨས་སྐྱོན་བཏང་བ་དང་། ཕྱུགས་རིགས་དང་ལོ་ཏོག་གམ་ཡང་ན་རྒྱུ་ནོར་གཞན་དག་ལ་གྱོང་གུན་བཟོས་ཕྱིན། ཁྲིམས་ལྟར་གུན་ཚབ་འཇལ་དགོས།

    དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། གཙང་པོའི་ཆུ་འགོ་ཁུལ་དང་། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ། ཆུ་རྩ་གསོ་ཁུལ། དེ་བཞིན་ཆུ་འགོ་གལ་ཆེན་དང་། ས་ཆུ་ཤོར་རིགས་གཙོ་གནད་སྔོན་འགོག་ཁུལ་དང་བཅོས་སྐྱོང་ཁུལ། མི་འབོར་འདུས་ཚད་བལྟོས་བཅས་མཐོ་བའི་ས་མཐོའི་ལུང་གཞུང་ཁུལ། སྐྱེ་ཁམས་འགོག་སྲུང་ཁུལ་སོགས་གཙོ་གནད་ས་ཁོངས་སུ་བསྡམས་གསོ་བྱས་ཏེ་སྲུང་སྐྱོབ་དང་རང་བྱུང་སླར་གསོ། དེ་བཞིན་ཞིང་སྲུང་ནགས་ཚལ་དང་། ཆུ་རྩ་གསོ་འཁྱོངས་ནགས་ཚལ། ཆུ་ངོགས་འགོག་སྲུང་ནགས་ཚལ་སོགས་འཛུགས་སྐྱོང་བྱེད་པའི་ཐབས་ལམ་སྤྱད་དེ་ས་ཆུ་སྲུང་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་སྦྲགས། ས་ཆུ་ཤོར་རིགས་སྔོན་འགོག་དང་ཐོན་ཚད་ཇེ་ཉུང་དུ་གཏོང་དགོས།

    ས་ཆུ་ཤོར་ཚབས་ཆེ་བ་དང་སྐྱེ་ཁམས་ཉམས་ཞན་ས་ཁོངས་སུ་ས་ཆུ་ཤོར་སྲིད་པའི་ཐོན་སྐྱེད་འཛུགས་སྐྲུན་གཏན་ནས་བྱེད་མི་ཆོག གལ་ཏེ་རྒྱལ་ཁབ་གོང་འཕེལ་གཏོང་བའི་འཐབ་ཇུས་དང་རྒྱལ་ཇུས་དམངས་འཚོའི་རྐྱེན་པས་འཛུགས་སྐྲུན་བྱེད་དགོས་ཕྱིན། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱེད་དགོས་པ་མ་ཟད། ཁྲིམས་བཞིན་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཞིབ་མཆན་འགོད་པ་སོགས་ཀྱི་འགྲོ་ལུགས་བསྒྲུབས་ནས་འགལ་རྐྱེན་ཚོད་འཛིན་ནན་པོ་བྱེད་དགོས།

    དོན་ཚན་སོ་གཅིག་པ། གཏེར་ལས་དབང་ཆ་སྤྲོད་སྐབས་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་གཏེར་རྫས་ཐོན་ཁུངས་འཆར་འགོད་ཀྱི་བླང་བྱ་དང་མཐུན་པ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་བླང་བྱ་དང་མི་མཐུན་པར་འབྲི་ཆུ་དང་། རྫ་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་སོགས་གཙང་པོའི་ཆུ་འགོ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བྱེ་གཏེར་སྔོག་འདོན་གྱི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག

    གཏེར་ལས་དབང་ཆ་ཡོད་མཁན་གྱིས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱེད་སྐབས་སྔོན་ཐོན་གོ་ཆོད་ཀྱི་བཟོ་རྩལ་དང་། སྒྲིག་ཆས། ཐོན་རྫས་བཅས་སྤྱོད་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་འགན་ལེན་ཐུབ་པའི་རྩད་ཞིབ་དང་སྔོག་འདོན་གྱི་ལག་རྩལ་དང་ཐབས་ལམ་བདམས་ཏེ་གཏེར་ཁའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པའམ་ཡང་ན་དེ་ཙམ་མི་ཕོག་པ་བྱེད་དགོས། རྒྱལ་ཁབ་ཀྱིས་ཕྱིར་འདོར་བཀའ་རྒྱ་གནང་བའི་བཟོ་རྩལ་དང་། སྒྲིག་ཆས། ཐོན་རྫས། ལག་རྩལ་བཅས་སྤྱོད་མི་ཆོག

    གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ཚན་རིག་དང་མཐུན་པའི་ངང་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱ་རྒྱུའི་ཇུས་གཞི་དང་གཏེར་ཁུལ་སྐྱེ་ཁམས་སླར་གསོ་བྱ་རྒྱུའི་ཇུས་གཞི་བཟོ་དགོས། གསར་སྤེལ་གཏེར་རི་ཡིན་ཕྱིན་འབྱུང་འཕྲོད་གཏེར་རིའི་ཚད་གཞི་གཞིར་བཟུང་འཆར་འགོད་ཇུས་འགོད་དང་འཛུགས་གཉེར་དོ་དམ་ནན་པོ་བྱེད་དགོས། གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ཚན་རིག་དང་མཐུན་པའི་སྒོ་ནས་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱ་རྒྱུའི་ཇུས་གཞི་དང་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱ་རྒྱུའི་ཇུས་གཞི་བཟོ་དགོས། གཏེར་ཁ་སྔོག་འདོན་བྱེད་སྐབས་འབྱུང་འཕྲོད་ཅན་དུ་རིམ་སྤོར་སྒྱུར་བཀོད་བྱས་ཏེ་སྔོག་འདོན་བྱས་པ་ལས་ཐོན་པའི་ཆུ་སྙིགས་དང་། རླངས་རོ། སྙིགས་རོ། རྡོ་རོ་སོགས་བེད་མེད་ཟོག་རོ་ཁྲིམས་ལྟར་གཙང་སེལ་བྱས་ནས་གཏེར་སྙིགས་གསོག་མཛོད་ལས་གཉེར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    (པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད)

    དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལོ་རྒྱུས་ཐོག་ལུས་པའི་གཏེར་རིའི་སྐྱེ་ཁམས་སླར་གསོ་བྱེད་མགྱོགས་སུ་བཏང་སྟེ་འཛུགས་སྐྲུན་བྱེད་བཞིན་པ་དང་ལས་གཉེར་བྱེད་པའི་གཏེར་རིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཏེར་ཁ་འདོན་དབང་ཡོད་མཁན་ལ་ཁྲིམས་ལྟར་གཏེར་རིའི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་དང་། གཏེར་རིའི་སྦགས་བཙོག་འགོག་བཅོས་དང་སླར་གསོ་བཅོས་སྐྱོང་བཅས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། གཏེར་རིའི་ས་གཤིས་ཁོར་ཡུག་ལེགས་བཅོས་བྱས་ནས་ཁོར་ཡུག་ལ་བཙོག་སྐྱོན་མི་གཏོང་བ་དང་སྐྱེ་ཁམས་ལ་གཏོར་སྐྱོན་མི་ཕོག་པ་བྱེད་དགོས།

    ལེའུ་བཞི་པ། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ཕྱོགས།

    དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་གནོད་འཚེར་བརྟག་དཔྱད་དཔྱད་གདེང་དང་ལྟ་ཞིབ་ཚད་ལེན་གྱིས་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། འཕྲལ་སྡོམ་དོ་དམ། གནམ་གཤིས། ས་ཡོམ་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་གངས་རུད་དང་། འཁྱགས་རུད། ཆུ་རུད། རི་ཉིལ་བ། ལྡེབས་ཉིལ་བ། ས་ཡོམ། འདམ་རྡོའི་ཆུ་རུད། འཁྱགས་མཚོའི་རགས་ཁ་ཤོར་བ། འཁྱགས་ས་བཞུར་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། དྲག་ཆར(ཁ་བ)འབབ་པ། ཐན་པ་བསྟན་པ་སོགས་ཀྱི་རང་བྱུང་གནོད་འཚེར་བརྟག་དཔྱད་དཔྱད་གདེང་དང་ལྟ་ཞིབ་ཚད་ལེན་གྱིས་ཉེན་བརྡ་གཏོང་དགོས་པ་དང་། རང་བྱུང་གནོད་འཚེའི་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་ཁྲིམས་ལྟར་འགྲེམས་བསྒྲགས་བྱས་ནས་རང་བྱུང་གནོད་འཚེ་དང་ཁོར་ཡུག་སྦགས་བཙོག་གི་བྱུར་རྐྱེན་སོགས་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས།

    དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འཕེལ་སྒྱུར་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུའི་སྲིད་འཛིན། འཕྲལ་སྡོམ་དོ་དམ། གནམ་གཤིས། ས་ཡོམ་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་རང་བྱུང་གནོད་འཚེ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་བཙན་ཤེད་རང་བཞིན་གྱི་ཚད་གཞི་སོགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་རང་བྱུང་གནོད་འཚེ་སྔོན་འགོག་བྱ་རྒྱུའི་འབྲེལ་ཡོད་ཚད་གཞིའི་བླང་བྱ་དང་མཐུན་ཐུབ་པ་བྱེད་དགོས། ཆུ་ལོག་དང་ཞོད་སྐྱོན་ཐན་སྐྱོན་དང་། འཁྱགས་མཚོའི་རགས་ཁ་ཤོར་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་འཚེ། ས་ཡོམ་སོགས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་དང་དེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།

    འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས། གྲོང་སྲིད། མཐའ་མཚམས་འགག་སྒོ་སོགས་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་འཛུགས་སྐྲུན་དང་ལས་གཉེར་ཚན་པས་རང་བྱུང་གནོད་འཚེ་ཐོན་ཉེན་ཆེ་བའི་རང་བཞིན་དང་འགོག་བཅོས་བྱེད་འཐུས་ཀྱི་རང་བཞིན་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིགས་བྱས་ཏེ། ཕྱོགས་བསྡུས་རང་བྱུང་གནོད་འཚེ་ཐོན་པའི་ཉེན་ཁ་ཇི་ཡོང་ཚོད་སྐོར་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱ་ཐབས་སྤྱད་དེ། ལས་གྲྭ་འཛུགས་སྐྲུན་དང་ལས་གཉེར་བྱེད་རིང་གི་རང་བྱུང་གནོད་འཚེ་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་སྔོན་འགོག་གམ་ཡང་ན་ཆུང་དུ་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས།

    དོན་ཚན་སོ་ལྔ་པ། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་འཚེ་བཟོ་ཚད་ལ་གཞིགས་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གནོད་འཚེ་དཔྱད་དཔོག་ལ་ཁྲིམས་ལྟར་རིགས་དབྱེ་དོ་དམ་བྱ་རྒྱུ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གནོད་འཚེ་དཔྱད་དཔོག་ཡིག་ཆར་ཆོག་མཆན་ཐོབ་རྗེས། འཛུགས་སྐྲུན་རྣམ་གྲངས་ཀྱི་ངོ་བོ་དང་། གཞི་ཁྱོན། ས་ཡུལ། སྤྱོད་རྒྱུའི་ཐོན་སྐྱེད་བཟོ་རྩལ་ལམ་ཡང་ན་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་ལ་གཏོར་སྐྱོན་མི་ཕོག་པའི་བྱ་ཐབས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་རིགས་ལ། འཛུགས་སྐྲུན་ཚན་པས་ཁོར་ཡུག་གནོད་འཚེ་དཔྱད་དཔོག་ཡིག་ཆར་བསྐྱར་དུ་སྙན་སེང་བཀའ་འཁྲོལ་ཞུ་དགོས།

    གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་སྐྱེ་ཁམས་དང་ས་གཤིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་སྲིད་རིགས་ལ། འཛུགས་སྐྲུན་ཚན་པས་ལས་གྲྭའི་རྒྱུད་ཀྱི་སྐྱེ་ཁམས་དང་ས་གཤིས་ཁོར་ཡུག་གི་ཚོར་སྐྱེན་ཉམས་ཞན་ཡིན་པའི་ས་ཁོངས་ཀྱི་གནས་ཚུལ་ལ་གཞིགས་ནས་ལམ་རྒྱུད་སྐྱེ་ཁམས་དང་ས་གཤིས་ཁོར་ཡུག་ལ་ལྟ་བཤེར་བྱ་རྒྱུའི་ཇུས་གཞི་བཟོས་ཏེ། སྐྱེ་ཁམས་དང་ས་གཤིས་ཁོར་ཡུག་གི་ཤུགས་རྐྱེན་ལ་ཚེ་སྲོག་འཁོར་ཡུན་ཧྲིལ་པོར་ལྟ་ཞིབ་ཚད་ལེན་བྱེད་པ་དེའི་ནང་ལས་གྲྭ་འགོ་མ་བཙུགས་གོང་དུ་གདིང་གཞིར་ལྟ་བཤེར་བྱེད་པ་དང་། ལས་གྲྭ་འཛུགས་སྐྲུན་བྱེད་རིང་སྐྱེ་ཁམས་དང་ས་གཤིས་ཁོར་ཡུག་གི་ཤུགས་རྐྱེན་ལ་ལྟ་བཤེར་བྱེད་པ། ལས་གྲྭ་ལས་གཉེར་བྱེད་རིང་སྐྱེ་ཁམས་དང་ས་གཤིས་ཁོར་ཡུག་གི་འགྱུར་ལྡོག་དང་སྲུང་སྐྱོབ་སླར་གསོར་རྗེས་འདེད་ལྟ་བཤེར་བྱེད་པ་བཅས་ཚུད་ཡོད།

    གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་རི་སྐྱེས་སྲོག་ཆགས་ཀྱི་གཙོ་གནད་འཚོ་སྡོད་ཁུལ་དང་། གནས་སྤོ་ཕྱིར་རྒྱུ་བྱེད་ལམ། དེ་བཞིན་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྐྱེ་དངོས་རང་བྱུང་གཅིག་སྡུད་ཁྱབ་ཁུལ་བཅས་ལ་གཡོལ་གང་ཐུབ་བྱེད་དགོས་པ་དང་། གཡོལ་ཐབས་གཏན་ནས་མེད་ཚེ། རི་སྐྱེས་སྲོག་ཆགས་ཀྱི་བགྲོད་ལམ་བཟོ་བ་དང་གནས་སྤོ་བྱ་ཡུལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ལམ་ཐིག་གནས་ས་དང་། ལས་གྲྭའི་རྣམ་པ། ཨར་ལས་ཇུས་གཞི་བཅས་ལེགས་སུ་བཏང་ནས་རང་བྱུང་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས། དེ་བཞིན་སྐྱེ་དངོས་བཅས་ལ་གནོད་འཚེ་མི་ཕོག་པའམ་ཡང་ན་ཕོག་ཉུང་དུ་གཏོང་དགོས།

    དོན་ཚན་སོ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སོན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་སོན་རྒྱུའི་ཐོན་ཁུངས་ལ་ཡོངས་བཤེར་དང་། འཚོལ་བསྡུ། ལེགས་སྒྲིག དཔྱད་འདོམས། ཐོ་འགོད། ཉར་ཚགས། སྤེལ་རེས། བེད་སྤྱོད་བཅས་བྱེད་དུ་བཅུག་སྟེ། རྩ་ཆེ་ཞིང་སྟོངས་ལ་ཉེ་བ་དང་ཁྱད་ཆོས་ལྡན་པའི་ས་གནས་ཀྱི་སྣ་རིགས་སོན་རྒྱུ་གཙོ་གནད་དུ་བཟུང་ནས་འཚོལ་བསྡུ་བྱེད་དགོས་པ་དང་། དགོས་མཁོར་གཞིགས་ནས་ཁྲིམས་ལྟར་སྣ་རིགས་སོན་རྒྱུའི་ཐོན་ཁུངས་མཛོད་དང་། སོན་རྩིའི་ཐོན་ཁུངས་སྲུང་སྐྱོབ་ཁུལ། སོན་རྩིའི་ཐོན་ཁུངས་སྲུང་སྐྱོབ་བྱ་ཡུལ་བཅས་འཛུགས་དགོས།

    ཚན་པ་གང་ཞིག་དང་མི་སུ་ཞིག་གིས་ཀྱང་སོན་རྩིའི་ཐོན་ཁུངས་བཙན་བཟུང་དང་གཏོར་བཤིག་གཏོང་མི་ཆོག རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རང་བྱུང་སོན་རྩིའི་ཐོན་ཁུངས་འཚོལ་བསྡུའམ་ཡང་ན་གཅོད་འབྲེག་བྱེད་རིགས་བཀག་འགོག་བྱེད་དགོས། ཚན་རིག་ཞིབ་འཇུག་དང་། གནོད་ལྡན་སྐྱེ་དངོས་འགོག་བཅོས། རང་བྱུང་གནོད་འཚེ་འགོག་བཅོས་སོགས་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་འཚོལ་བསྡུའམ་ཡང་ན་གཅོད་འབྲེག་བྱེད་དགོས་ཚེ་ཁྲིམས་ལྟར་ཆོག་མཆན་ཐོབ་པར་བྱེད་དགོས།

    དོན་ཚན་སོ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ཞིང་ལས་དང་གྲོང་གསེབ། ནགས་ལས་རྩྭ་ཐང་། འགག་སྒོ་སོགས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ། ཕྱི་ཡོང་སྐྱེ་དངོས་ལ་ཡོངས་བཤེར་བྱེད་དགོས་པ་མ་ཟད། ས་ཁོངས་ཀྱི་ཕྱི་ཡོང་དངོས་རིགས་དང་། གཙོ་གནད་འགོག་ཟོན་བྱེད་ཁོངས། འགོག་ཟོན་བྱ་ཐབས་བཅས་ཁ་གསལ་བཟོས་ནས། ཕྱི་ཡོང་དངོས་རིགས་ནང་འདྲེན་བྱེད་པའི་ཉེན་ཁར་དཔྱད་དཔོག་དང་འཇུག་འཐུས་ལམ་ལུགས་ནན་དུ་བཏང་སྟེ་ཕྱི་ཡོང་དངོས་རིགས་འགག་སྒོ་ནས་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཡོང་དངོས་རིགས་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ། ཚོད་འཛིན། དཔྱད་དཔོག གཙང་སེལ། སྐྱེ་ཁམས་སླར་གསོ་སོགས་བྱེད་པར་ཤུགས་སྣོན་རྒྱག་དགོས།

    ཚན་པ་གང་ཞིག་དང་མི་སུ་ཞིག་གིས་ཀྱང་ཆོག་མཆན་མ་ཐོབ་པར་རང་དགར་ཕྱི་ཡོང་སྐྱེ་དངོས་ནང་འདྲེན་དང་གློད་མི་ཆོག

    དོན་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འཕེལ་སྒྱུར་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག འཕྲལ་སྡོམ་དོ་དམ། ནགས་ལས་རྩྭ་ཐང་། གནམ་གཤིས་སོགས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ། ས་ངོས་ཀྱི་རིམ་པ་མང་བའི་བྱེད་ནུས་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཟོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གནམ་གཤིས་ཀྱི་གནོད་འཚེ་དང་གནམ་གཤིས་འགྱུར་ལྡོག་གིས་སྐྱེ་ཁམས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཚུལ་ཐད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བྱང་ཐང་ས་མཐོ་དང་། ཧི་མ་ལ་ཡའི་རི་རྒྱུད། གངས་ཏི་སེའི་རི་རྒྱུད། གཉན་ཆེན་ཐང་ལྷའི་རི་རྒྱུད། གདང་ལའི་རི་རྒྱུད་སོགས་ས་ཁོངས་ནང་གི་འཁྱགས་ཞྭ་དང་འཁྱགས་རོམ་ཆེ་གྲས་དང་། གཞི་ཁྱོན་ཆུང་བའི་འཁྱགས་རོམ་ཚོགས་པ། གཙང་གསུམ་ཆུ་འགོ་དང་བོད་ནུབ་བྱང་གི་བྱང་ཐང་ས་མཐོའི་མཐོ་གྲང་རྩྭ་ཐང་གི་སྔོ་ཁེབས་ཞན་འགྱུར་དང་། ས་ཆུ་ཤོར་བ། ས་ཆ་བྱེ་འགྱུར། བོད་བྱང་ཐང་གི་མཚོ་མོའི་ཆུ་ཁ་མཐོ་རུ་འགྲོ་བ་སོགས་ཚོར་སྣང་སྐྱེན་པའི་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་ཀྱི་གནམ་གཤིས་འགྱུར་ཚུལ་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་ཤུགས་རྐྱེན་ལ་དཔྱད་དཔོག་བྱེད་དགོས་པ་མ་ཟད། ཁ་གཏད་གཅོག་པའི་གྲོས་འགོ་བཏོན་ནས་གནོད་འཚེ་ཕྱོགས་བསྡུས་འགོག་ཟོན་དང་གནམ་གཤིས་འགྱུར་ལྡོག་ལ་འཕྲོད་པའི་ནུས་པ་ཆེ་རུ་གཏོང་དགོས།

    ལེའུ་ལྔ་པ། འགན་སྲུང་དང་ལྟ་སྐུལ་བྱེད་ཕྱོགས།

    དོན་ཚན་སོ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲིའི་དབྱེ་བར་གཞིགས་ནས། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་རིགས་ཁག་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བཏང་སྟེ། གཙོ་གནད་དུ་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ནུས་པ་ཐོན་ཁོངས་གལ་ཆེན་རྣམས་རང་སྐྱོང་ལྗོངས་ཀྱིས་གཤམ་ལ་སྐྱེ་ཁམས་སྐྱོང་གསབ་མ་དངུལ་སྒྱུར་སྤྲོད་བྱེད་ཁོངས་སུ་ཕྱོགས་ཡོངས་ནས་འཇུག་དགོས་པ་དང་། ནོར་སྲིད་ཀྱི་སྒྱུར་སྤྲོད་བྱེད་ཐབས་སོགས་ལ་བརྟེན་ནས་གཙོ་གནད་སྐྱེ་ཁམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཆེ་རུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་གཙོ་རྒྱུ་གལ་ཆེན་སྲུང་སྐྱོབ་བྱེད་མཁན་ཚན་པ་དང་མི་སྒེར་ལ་ཁ་གསབ་སྤྲོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཕན་པ་ཐོབ་ཁུལ་དང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་བཟོ་རྒྱུར་སྐུལ་ལྕག་བཏང་ནས་ས་ཁུལ་དབར་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྐྱོང་གསབ་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྐྱོང་གསབ་ཁྲོམ་ར་ཅན་དུ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཐོན་རྫས་གཉེར་སྐྱོང་གསར་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་སྐྱེ་ཁམས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་རྒྱུར་སྐུལ་མ་བཏང་ནས་སྣ་མང་ཅན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་གྱུར་ཡོང་བའི་ཐབས་ལམ་ཞིག་ཆགས་པ་བྱེད་དགོས།

    དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་སྤྱི་ཚོགས་ཀྱི་མ་རྩ་གཏོང་རྒྱུའི་སྣ་མང་ཅན་གྱི་མ་དངུལ་འདུ་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཁྲོད་སྤྱི་ཕན་རྩ་འཛུགས་ཐེ་ཞུགས་དང་སྤྱི་ཚོགས་ཀྱི་མ་རྩ་འཇོག་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཐོན་རྫས་གསར་སྤེལ་དང་། ཐོན་ལས་གོང་འཕེལ། ཚན་རྩལ་གསར་གཏོད། ལག་རྩལ་ཞབས་ཞུ། གེགས་འགོག་གེགས་སེལ། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་བྱེད་སྒོ་སྤེལ་དགོས།

    རང་སྐྱོང་ལྗོངས་ཀྱིས་དངུལ་རྩའི་ལས་ཚན་ལ་སྐུལ་ལྕག་བཏང་ནས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་སོགས་རྣམ་གྲངས་ཀྱི་མ་དངུལ་བསྡུ་རྒྱུག་གི་སྣ་མང་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

    དོན་ཚན་ཞེ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྱུང་འཕྲོད་ཐཱན་ཉུང་དང་། ཁོར་ཡུག་མཛེས་པ། སྐྱེ་ཁམས་འཚོ་སྡོད་རུང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འབྱུང་འཕྲོད་ཨར་སྐྲུན་གྱི་འདུ་ཤེས་ཁྱབ་སྤེལ་བཏང་ནས་འབྱུང་འཕྲོད་ཨར་སྐྲུན་གྱི་ལག་རྩལ་སྤྱད་དེ་འབྱུང་འཕྲོད་སྐྱེ་ཁམས་གྲོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། འཚོ་བའི་གད་སྙིགས་རིགས་དབྱེ་བྱ་ཐབས་ཁྱབ་སྤེལ་གཏོང་བ་དང་། འཚོ་བའི་བཙོག་ཆུ་དང་གད་སྙིགས་བསྡུ་རུབ་གཙང་སེལ་བྱེད་ནུས་ཆེ་རུ་བཏང་ནས་ཆུ་བོ་དྭངས་ཤིང་མཚོ་ངོགས་སྔོ་བ་དང་ཡུལ་ལྗོངས་མཛེས་པའི་སྐྱེ་ཁམས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་གིས་ཞིང་ལས་ཀྱི་སྙིགས་རོ་ཐོན་ཁུངས་ཅན་བེད་སྤྱོད་དང་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་གསང་སྤྱོད་སྒྱུར་བཀོད་དང་གྲོང་གསེབ་སྔོ་སྒྱུར་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱིས་འགྲོ་ལམ་གཡས་གཡོན་དང་ཁང་པའི་རྒྱབ་མདུན་དུ་ཤིང་འཛུགས་སྔོ་སྲུང་དང་གྲོང་ཚོའི་གཙང་སྦྲ་བྱ་སྤྱོད་སྤེལ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་སྐྱེ་ཁམས་འཚོ་སྡོད་རུང་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

    དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ནགས་ལས་རྩྭ་ཐང་། ཆུའི་སྲིད་འཛིན། ཞིང་ལས་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཞུ་གཏུག་ཐེར་འདོན་བྱེད་པའི་ལམ་ལུགས་བཟོས་ནས། ཐད་ཀར་ཞིབ་གཅོད་དང་དུས་བཅད་ཞིབ་གཅོད་དམ་ཡང་ན་འཁྲི་འགན་སྒྲུབ་སྤྲོད། མཇུག་འདེད་སྒྲུབ་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ལས་ཀའི་འབྲེལ་ཡོད་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས་པ་དང་། སྤྱི་དམངས་ཐེ་ཞུགས་བྱེད་པའི་ལས་རིམ་འཐུས་སྒོ་ཚང་དུ་གཏོང་དགོས།

    དོན་ཚན་ཞེ་བཞི་པ། རང་སྐྱོང་ལྗོངས་ཀྱིས་དགོས་མཁོར་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་སོགས་འབྲེལ་ཡོད་ས་གནས་དང་ས་གནས་ཀྱི་ཁྲིམས་འཛུགས་དང་། སྒྲིག་ཁོངས་འཆར་འགོད། ལྟ་སྐུལ་ཁྲིམས་སྒྱུར། གལ་ཆེའི་དངོས་རིགས་གནས་སྤོ། སྐྱེ་ཁམས་བར་ཁྱམས་སྦྲེལ་མཐུད་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་རོགས་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ཐོག སྲིད་འཛིན་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་སྒྱུར་མཐུན་སྦྱོར་ལམ་སྲོལ་རིམ་བཞིན་བཟོས་ཏེ། ཁྲིམས་འགལ་གྱོད་དོན་ཚབས་ཆེན་དང་། སྲིད་འཛིན་ས་ཁོངས་དང་སྐྱེ་ཁམས་འཁྲུག་སླ་བའི་ས་ཁོངས་ལས་བརྒལ་བའི་ཁྲིམས་འགལ་གྱོད་དོན་ལ་ཁྲིམས་ལྟར་མཉམ་འབྲེལ་ཁྲིམས་སྒྱུར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ལས་ཀར་མཉམ་དུ་སྐུལ་སྤེལ་གཏོང་དགོས།

    དོན་ཚན་ཞེ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་རྗེས་གདེང་འཇོག་གི་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱས་ཏེ། ཁོར་ཡུག་སྤུས་ཚད་མཐོར་གཏོང་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས། སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱེད་ནུས་སོགས་དམིགས་ཚད་མ་ལག་ནང་འཇུག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱ་དགའ་ཆད་གཅོད་ལམ་སྲོལ་བཟོ་བ་དང་ཚགས་ཚུད་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་དེ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་ནང་འཇུག་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེ་ཁམས་སྲུང་སྐྱོབ་བྱས་ཚུལ་སྙན་སེང་ཞུ་དགོས།

    དོན་ཚན་ཞེ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་འགན་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཡོད་ཚན་པས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུའི་ཐད་ཁྲིམས་ལུགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།

    རིམ་ཁག་སྲིད་འཛིན་ལས་ཁུངས་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་པའམ་ཡང་ན་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་གཏུག་བཤེར་དང་སྤྱི་ཕན་གཏུག་བཤེར་སོགས་ཀྱི་གྱོད་དོན་ཐག་གཅོད་བྱེད་རིང་། ཉེས་གསོག་གི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་ཚེ། ཉེས་གསོག་གི་ཁུངས་སྣེ་དེ་མྱུལ་ཞིབ་དང་བརྟག་དཔྱད་བྱ་རྒྱུའི་འགན་དབང་ཡོད་པའི་ལས་ཁུངས་ལ་སྐྱེལ་སྤྲོད་བྱེད་དགོས་པ་དང་། ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་མི་དགོས་པའམ་ཉེས་དོན་གྱི་ཆད་པ་གཅོད་མི་དགོས་ཀྱང་སྲིད་འཛིན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པའམ་ཡང་ན་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་འགན་འཁུར་དགོས་ཕྱིན། མྱུལ་ཞིབ་དང་བརྟག་དཔྱད་བྱ་རྒྱུའི་འགན་དབང་ཡོད་པའི་ལས་ཁུངས་དང་དེ་བཞིན་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ལ་དུས་ཐོག་ཏུ་གྱོད་གཞི་སྐྱེལ་སྤྲོད་བྱེད་དགོས།

    སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ལ་གཏོར་བཤིག་བཏང་བ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཁུངས་སྣེ་དེ་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་ཞིབ་དཔྱོད་ཁང་ལ་དུས་ཐོག་ཏུ་ཤོད་དགོས་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་བའི་ཁྲོད་ཁྲིམས་འགལ་བྱ་སྤྱོད་སྤེལ་བའམ་ཡང་ན་ལས་་ཀ་མི་བྱེད་པའི་རིགས་ཡོད་ཚེ། མི་དམངས་ཞིབ་དཔྱོད་ཁང་གིས་དེར་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུའི་སྐུལ་འདེད་གཏོང་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་ལྟ་འདོམས་བྱེད་འགན་ཡོད་པའི་སྡེ་ཚན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་རིགས་ཐོན་ཚེ། འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁུར་བར་ཁྲིམས་བཞིན་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    དོན་ཚན་ཞེ་བརྒྱད་པ། ཁོར་ཡུག་ལ་བཙོག་སྐྱོན་དང་སྐྱེ་ཁམས་ལ་གཏོར་སྐྱོན་བཏང་ནས་མི་གཞན་ལ་གནོད་སྐྱོན་བཟོས་ཚེ། དབང་གནོད་གཏོང་མཁན་གྱིས་དབང་གནོད་བཏང་བའི་འགན་འཁྲི་འཁུར་དགོས།

    གཏན་འབེབས་དང་འགལ་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་ཚེ། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ལས་ཁུངས་སམ་ཡང་ན་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་འཛུགས་ཀྱིས་དབང་གནོད་གཏོང་མཁན་ལ་སླར་གསོ་བྱེད་འགན་འཁུར་བ་དང་། སྐྱིན་གསབ་འཇལ་བ། འབྲེལ་ཡོད་གྲོན་དངུལ་འཇལ་བ་བཅས་ཀྱི་རེ་འདུན་ཞུ་དབང་ཡོད། གུན་གསབ་འཇལ་འགན་འཁུར་མཁན་གྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེ་བརྟག་དཔྱད་དང་ཆོད་སྡོམ་དཔྱད་དཔོག་སོགས་བྱེད་པའི་ལས་ཀར་ཁྲིམས་བཞིན་གཞོགས་འདེགས་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཕོག་རིགས་སླར་གསོ་དང་། དེ་བཞིན་སྐྱིན་གསབ་དང་འབྲེལ་ཡོད་གྲོན་དངུལ་འཇལ་བ་སོགས་ཀྱི་འགན་འཁྲི་འཁུར་དགོས།

    དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཡང་། བྱ་ཐབས་འདིའི་ནང་ཆད་གཅོད་གཏན་འབེབས་བྱས་མེད་རིགས་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་གཏན་འབེབས་ཡོད་ཚེ། གཏན་འབེབས་དེ་བཞིན་ཆད་པ་གཅོད་དགོས།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་ལྔ་བཅུ་པ། བྱ་ཐབས་འདི་2025ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།