དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

    (2025ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ།

    ལེའུ་གསུམ་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཕྱོགས།

    ལེའུ་བཞི་པ། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ཕྱོགས།

    ལེའུ་ལྔ་པ། འགན་སྲུང་དང་ལྟ་སྐུལ་བྱེད་ཕྱོགས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བདུན་པ། ཞར་བྱུང་།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2025〕ཡིག་ཨང་7པ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2025ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2025ལོའི་ཟླ་8ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

    2025ལོའི་ཟླ་3ཚེས་28ཉིན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་ཟོན་བྱེད་པ། སྐྱེ་ཁམས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་ཐུབ་པ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་གཏན་ལ་ཕབ་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སྤེལ་སྐབས་བྱ་ཐབས་འདི་སྤྱད་ན་འཐུས། བྱ་ཐབས་འདིའི་ནང་གཏན་འབེབས་བྱས་མེད་ཕྱིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞན་དག་སྤྱད་ན་འཐུས།

    དོན་ཚན་གསུམ་པ། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་སྤེལ་སྐབས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་བྱུང་སླར་གསོ་ཡོང་རྒྱུ་གཙོ་བོར་བཟུང་ནས་རང་བྱུང་སྐྱེ་ཁམས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་དགོས་པ། གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་། རིགས་དབྱེ་ཇུས་འདོན། ཚན་རིག་དང་མཐུན་པའི་འགོག་ཟོན། རིམ་ལྡན་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ཡིན།

    དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་འགན་འཁུར་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་རྒྱུ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་མཁོ་བའི་འགྲོ་གྲོན་དག་གཏན་འབེབས་བཞིན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་སྒྱུར་དང་། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུ་དོན་སྲིད་འཛིན། ཞིང་ལས་གྲོང་གསེབ། རིག་གནས་དང་ཡུལ་སྐོར། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་ལྟར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་དགོས།

    ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།

    ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་ལྔ་པ། འཕེལ་སྒྱུར་དང་། ཚན་རྩལ། སྤྱི་བདེ། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུ་དོན་སྲིད་འཛིན། ཞིང་ལས་གྲོང་གསེབ། རིག་གནས་དང་ཡུལ་སྐོར། འཕྲལ་སྡོམ་དོ་དམ། ནགས་ལས་རྩྭ་ཐང་། གནམ་གཤིས། ས་ཡོམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཉམ་སྒྲུབ་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྡེ་ཚན་ཁག་དབར་མཐུན་སྦྱོར་གཞོགས་འདེགས་ཀྱིས་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

    དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འཕེལ་སྒྱུར་དང་། སློབ་གསོ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཆུ་དོན་སྲིད་འཛིན། ཞིང་ལས་གྲོང་གསེབ། རིག་གནས་དང་ཡུལ་སྐོར། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་མཚོ་བོད་ས་མཐོའི་སྲོལ་རྒྱུན་གྱི་སྐྱེ་ཁམས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ནས་མཚོ་བོད་ས་མཐོའི་ཕུལ་བྱུང་གི་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། དེ་བཞིན་ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བ་སོགས་དང་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བརྗོད་དོན་གཙོ་བོར་བཟུང་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་བརྒྱུད་སྤེལ་བྱེད་པ་མ་ཟད། འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས། དམངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་དགོས།

    གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་བཅས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

    གསར་འགྱུར་སྨྱན་སྦྱོར་གྱིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རིག་ཤེས་བྱའི་སྐོར་གྱི་སྤྱི་ཕན་དྲིལ་བསྒྲགས་ལས་དོན་སྤེལ་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།

    དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་ཚན་རིག་དང་མཐུན་པའི་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུར་སྐུལ་མ་གཏོང་བ་དང་སྦྲགས་རྒྱབ་སྐྱོར་བྱས་ནས། གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། ཆུ་དཔྱད་དང་ཆུའི་ཐོན་ཁུངས། གངས་རི་དང་འཁྱགས་རོམ། ས་མཐོའི་འཁྱགས་ས། ས་ཆུ་སྲུང་འཛིན། ཐང་རྒོད་དུ་འགྱུར་རིགས་འགོག་བཅོས། ཆུ་མཚོ་རིམ་འགྱུར། ས་གཤིས་ཁོར་ཡུག རང་བྱུང་གནོད་འཚེར་ལྟ་བཤེར་གྱིས་ཉེན་ཟོན་སྔོན་བརྡ་དང་འགོག་བཅོས། ནུས་རྒྱུ་དང་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ། སྐྱེ་ཁམས་མ་ལག་ཐཱན་འདུས། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་གལ་ཆེའི་ཚན་རྩལ་གནད་དོན་ལ་ཞིབ་འཇུག་དང་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས།

    དོན་ཚན་བརྒྱད་པ། ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཚང་མར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་བཞིན་ཐེར་འདོན་དང་ཞུ་གཏུག་རྒྱག་པའི་དབང་ཆའང་ཡོད།

    ཚན་པ་དང་མི་སྒེར་གྱིས་ཁྲིམས་བཞིན་ཞལ་འདེབས་འབུལ་བ་དང་། རོགས་དངུལ་སྤྲོད་པ། དང་བླངས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་སྒོའི་ནང་ཞུགས་རྒྱུར་རང་སྐྱོང་ལྗོངས་ཀྱིས་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

    ལེའུ་གཉིས་པ། སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕེལ་སྒྱུར་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཟོ་དགོས་པ་མ་ཟད། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་། ལས་འགན་གཙོ་བོ། ལས་གྲྭ་གལ་ཆེན། འགན་སྲུང་བྱ་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ནས། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་བྱས་འབྲས་ལ་དཔྱད་དཔོག་བྱེད་དགོས།

    དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་སྲིད་འཛིན་ས་ཁོངས་དེ་གའི་གཞུང་ཁོངས་བར་སྟོང་གི་འཆར་འགོད་བཟོ་བ་དང་། བར་སྟོང་ཆགས་སྟངས་དང་། སྤྱོད་སྒོ་ཚོད་འཛིན་བྱ་ཐབས། ལག་བསྟར་བྱ་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཟོ་བ། ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་གྲོང་རྡལ་སོགས་ཀྱི་བྱེད་ནུས་བར་སྟོང་ཚན་རིག་དང་མཐུན་པའི་ངང་ཁྱབ་བཀོད་བྱེད་པ། རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ས་ཞིང་གི་ཚད་ཐིག་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག གྲོང་ཁྱེར་གྲོང་རྡལ་གསར་སྤེལ་བྱེད་པའི་མཚམས་ཐིག་སོགས་ཀྱི་ཚད་བཀག་དབྱེ་འབྱེད་གཏན་འབེབས་བྱས་ཏེ་དོན་འཁྱོལ་བྱེད་པ། ཐོན་ལས་གོང་འཕེལ་གྱི་དམིགས་ཚད་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ཀྱི་ཐོག་ནས་གཞུང་ཁོངས་བར་སྟོང་གསར་སྤེལ་དང་། སྲུང་སྐྱོབ། བེད་སྤྱོད། སླར་གསོ་བཅས་དོ་སྙོམས་ཡོང་བར་བྱས་ཏེ། བར་སྟོང་གི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཀྱིས་སྤྱོད་ཕྱོད་ཆེ་རུ་གཏོང་ཐུབ་པ་བྱེད་དགོས།

    གཞུང་ཁོངས་བར་སྟོང་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུ་དེ་གཞུང་ཁོངས་བར་སྟོང་གི་སྤྱོད་སྒོ་བཀག་སྡོམ་བྱེད་པའི་བླང་བྱ་དང་མཐུན་དགོས། སྐྱེ་ཁམས་བར་སྟོང་གི་སྤྱོད་སྒོ་བསྒྱུར་ཕྱིན། ངེས་པར་དུ་ནགས་ཚལ་དང་། རྩྭ་ཐང་། ཆུ་བོ། མཚེའུ། འདམ་ར། འཁྱགས་རོམ། ཐང་རྒོད་སོགས་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་པ་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་བེད་སྤྱོད་བྱས་ཚུལ་ལ་གཞིགས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་སྤྱོད་ཚད་མཐོ་ཤོས་བཅས་ཀྱི་བླང་བྱ་ལྟར། གཞུང་ཁོངས་བར་སྟོང་འཆར་འགོད་དང་འབྲེལ་མཐུད་གང་ལེགས་བྱས་ཏེ།རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་ལྟ་སྡོམ་ཇུས་གཞི་བཟོས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཁོངས་དེ་སྔོན་ཚུད་སྲུང་སྐྱོབ་ཚན་པ་དང་། གཙོ་གནད་ལྟ་སྡོམ་ཚན་པ། སྤྱིར་བཏང་ལྟ་སྡོམ་ཚན་པ་བཅས་སུ་དབྱེ་ཐོག སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་ངེས་གནས་དང་གཞུང་ཁོངས་བར་སྟོང་གི་སྤྱོད་སྒོ་ཚོད་འཛིན་བྱེད་པའི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཁྲོལ་གསལ་ཐོ་ནན་པོ་བཟོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུས་རྗེས་ལག་བསྟར་བྱེད་དགོས།

    ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གིས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་ལྟ་སྡོམ་ཇུས་གཞི་དང་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཁྲོལ་གསལ་ཐོ་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་ལྟ་སྡོམ་ཇུས་གཞི་དང་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཁྲོལ་གསལ་ཐོ་ནན་པོ་བཟོས་ནས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་ལ་སྙན་དཔོད་ཞུས་རྗེས་ལག་བསྟར་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་དང་། ཚན་རྩལ་ལ་བརྟེན་ནས་འདེགས་སྐྱོར། མ་དངུལ་འགན་སྲུང་། ལྟ་བཤེར་དང་ལྟ་སྡོམ། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱ་ཐབས་སྤྱད་དེ་ནགས་ཚལ་དང་། མཐོ་གྲང་ན་ཁ། རྩྭ་ཐང་། ཆུ་བོ། མཚེའུ། འདམ་ར། གངས་རི་འཁྱགས་རོམ། ས་མཐོའི་འཁྱགས་ས། ཐང་རྒོད། ཆུ་མིག་གི་ཆུ་ཁོངས་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙང་གསུམ་ཆུ་འགོའི་རྩྭ་ཐང་དང་། ན་ཁ། འདམ་ར་བཅས་ཀྱི་སྐྱེ་ཁམས་ནུས་པ་ཐོན་ཁུལ་དང་། བོད་ཤར་ལྷོའི་ས་མཐོའི་མཐའ་མཚམས་ནགས་ཚལ་གྱི་སྐྱེ་ཁམས་ནུས་པ་ཐོན་ཁུལ། བོད་ནུབ་བྱང་གི་བྱང་ཐང་ས་མཐོའི་ཐང་རྒོད་སྐྱེ་ཁམས་ནུས་པ་ཐོན་ཁུལ། ཇོ་མོ་གླང་མའི་སྐྱེ་དངོས་སྣ་མང་སྲུང་སྐྱོབ་དང་ཆུ་རྩ་གསོ་འཁྱོངས་ཀྱི་སྐྱེ་ཁམས་ནུས་པ་ཐོན་ཁུལ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས་སོགས་ཀྱི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་དགོས།

    དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་སྲུང་སྐྱོབ་བྱེད་གནས་ཀྱི་མཚམས་ཐིག་ཁྱབ་ཁོངས་དང་ནུས་པ་ཐོན་ཁོངས་གཏན་འཁེལ་བྱེད་པ་མ་ཟད། ལུགས་དང་མཐུན་པའི་སྒོ་ནས་རང་བྱུང་སྲུང་སྐྱོབ་བྱེད་གནས་ཀྱི་བར་སྟོང་འཆར་འགོད་བྱས་ཏེ་གཙོ་གནད་དཔེ་མཚོན་གྱི་སྐྱེ་ཁམས་མ་ལག་འཐུས་ཚང་ཁུལ་དང་། སྐྱེ་ཁམས་ཁོར་ཡུག་ཚོར་སྐྱེན་ཁུལ། དེ་བཞིན་དཀོན་ཞིང་སྟོངས་ལ་ཉེ་བའམ་ས་ཁོངས་དེ་གར་དམིགས་སུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རང་བྱུང་གཅིག་སྡུད་ཁུལ། གནས་སྡོད་བྱ་ཡུལ་གལ་ཆེན། རང་བྱུང་རྗེས་ཤུལ་གལ་ཆེན། རང་བྱུང་མཛེས་ལྗོངས་ཁུལ་གལ་ཆེན་སོགས་ཀྱི་ས་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ། རང་བྱུང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ཁུལ་ཁྲིམས་བཞིན་བཙུགས་ཐོག བྱང་ཐང་དང་ཇོ་མོ་གླང་མ་སོགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་གྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་མ་ཉམས་རྒྱུན་འཛིན་བྱེད་དགོས།

    དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱི་ཐོན་ལས་གྲུབ་ཆ་དང་ཁྱབ་བཀོད་དེ་ངེས་པར་དུ་སྐྱེ་ཁམས་མ་ལག་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་ཐུབ་པ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁུལ་ཁོངས་དཔལ་འབྱོར་གྱི་ཁྱབ་བཀོད་ལ་གཅིག་གྱུར་འཆར་འགོད་ཀྱིས་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཁྱབ་བཀོད་ལེགས་སུ་གཏོང་དགོས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་འཕྲོད་ཆེ་བའི་ཐོན་ལས་སྔོན་ཚུད་དུ་གོང་འཕེལ་བཏང་ནས་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་འབྱུང་འཕྲོད་ཐཱན་ཉུང་གི་ཕྱོགས་སུ་རིམ་སྤོར་བྱ་རྒྱུར་ཁྲིད་སྟོན་གྱིས་སྐྱེ་ཁམས་ཡུལ་སྐོར་དང་། ཁྱད་ལྡན་རིག་གནས། ཁྱད་ལྡན་ཞིང་འབྲོག་ལས། མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་སོགས་ས་ཁོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ལས་གོང་འཕེལ་འོས་འཚམ་བཏང་སྟེ་འབྱུང་འཕྲོད་དང་། ཐཱན་ཉུང་། རྒྱུན་འཁོར་བཅས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    ཐོན་ལས་རྣམ་གྲངས་གསར་བཟོ་རྒྱས་སྐྲུན་བྱེད་སྐབས། ས་ཁོངས་ཀྱི་བྱེད་ནུས་གཙོ་བོའི་ངེས་གནས་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པར་བྱས་ནས། རང་བྱུང་ཐོན་ཁུངས་གསར་སྤེལ་དང་ཐོན་ལས་ཆོག་འཐུས་དང་ཕྱིར་འཐེན་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས།

    ལེའུ་གསུམ་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཕྱོགས།

    དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་སླར་གསོ་གཙོ་བོར་བཟུང་བ་དང་། རང་བྱུང་སླར་གསོ་དང་མི་ཐབས་སླར་གསོ་ཟུང་འབྲེལ་བྱེད་པའི་རིམ་ལྡན་བཅོས་སྐྱོང་བྱ་ཐབས་སྤྱད་ཐོག ཚན་རྩལ་དང་། བཅའ་ཁྲིམས། སྲིད་ཇུས། དཔལ་འབྱོར་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་བྱེ་ལ་སོགས་རང་བྱུང་སྐྱེ་ཁམས་ཀྱི་གཙོ་རྒྱུ་མཐའ་དག་གཞི་གཅིག་ཏུ་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

    དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ལྟར་ལྗོངས་ཡོངས་དང་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་གནས་ཚུལ་ལ་ཚོད་སྐོར་བྱེད་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་སྤེལ་འབྲས་ལ་ལྟ་བཤེར་དང་ཚོད་སྐོར་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འགན་འཁྲི་ཁག་བགོས་ལྟར། སྲིད་འཛིན་ས་ཁུལ་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། རང་བྱུང་སྲུང་སྐྱོབ་བྱེད་གནས། སྐྱེ་ཁམས་ནུས་པ་ཐོན་ཁུལ་སོགས་ཀྱི་གཙོ་གནད་ཁུལ་ཁོངས་དང་།དེ་བཞིན་ནགས་ཚལ་དང་། མཐོ་གྲང་ན་ཁ། རྩྭ་ཐང་། ཆུ་བོ། མཚེའུ། འདམ་ར། གངས་རི་འཁྱགས་རོམ། ས་མཐོའི་འཁྱགས་ས། ཐང་རྒོད། ཆུ་མིག་གི་ཆུ་ཁོངས་སོགས་ཀྱི་སྐྱེ་ཁམས་མ་ལག་ལ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་དུ་འཇུག་དགོས།

    དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གངས་རི་འཁྱགས་རོམ་དང་འཁྱགས་ས་སྲུང་སྐྱོབ་བྱེད་པའི་འཆར་འགོད་བཟོ་དགོས་པ་དང་། སྲུང་སྐྱོབ་འཆར་འགོད་ནང་ངེས་པར་དུ་མིག་སྔ་དང་དུས་ཡུན་རིང་བའི་དམིགས་ཚད་དང་། སྲུང་སྐྱོབ་བྱ་ཐབས། ལས་འགན་གཙོ་བོ། འགན་སྲུང་བྱ་ཐབས། གཙོ་གནད་སྲུང་སྐྱོབ་བྱེད་ཁོངས་སོགས་ཀྱི་ནང་དོན་ཁ་གསལ་འགོད་དགོས། ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གངས་རི་འཁྱགས་རོམ་དང་འཁྱགས་ས་སྲུང་སྐྱོབ་བྱེད་པའི་འཆར་འགོད་བཞིན་སྲིད་འཛིན་ས་ཁོངས་དེ་གའི་གངས་རི་འཁྱགས་རོམ་དང་འཁྱགས་ས་སྲུང་སྐྱོབ་བྱེད་པའི་ཇུས་གཞི་བཟོ་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱང་ཐང་ས་མཐོ་དང་། ཧི་མ་ལ་ཡའི་རི་རྒྱུད། གངས་ཏི་སིའི་རི་རྒྱུད། གཉན་ཆེན་ཐང་ལྷའི་རི་རྒྱུད། སྦུ་སུབ་ལའི་རི་རྒྱུད་སོགས་ཁུལ་ཁོངས་ཀྱི་འཁྱགས་ཞྭ་འཁྱོགས་རོམ་ཆེ་གྲས་དང་གཞི་ཁྱོན་ཆུང་བའི་འཁྱགས་རོམ་ཁྱུ་ཚོགས་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་འཇུག་དགོས། གཙོ་གནད་ཀྱི་གངས་རི་འཁྱགས་རོམ་དང་སྤྱིར་བཏང་གི་གངས་རི་འཁྱགས་རོམ་སྲུང་སྐྱོབ་བྱེད་པའི་མིང་གཞུང་བཟོས་ནས་གཙོ་གནད་གངས་རི་འཁྱགས་རོམ་ཁུལ་བཀག་སྡོམ་གྱིས་སྲུང་སྐྱོབ་བྱེད་པ་མ་ཟད། བྱ་ཐབས་ནུས་ལྡན་སྤྱད་དེ་མི་བཟོས་གནོད་སྐྱོན་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། སྤྱིར་བཏང་གི་གངས་རི་འཁྱགས་རོམ་ལ་བབ་མཚུངས་ཀྱི་སྲུང་སྐྱོབ་བྱ་ཐབས་སྤྱོད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འཁྱགས་སའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་ཁར། འཁྱགས་སའི་ཁུལ་གྱི་སྲུང་སྐྱོབ་བྱེད་ཁོངས་དབྱེ་ནས་ལོ་མང་འཁྱགས་སའི་ཁུལ་དང་འཁྱགས་ཚད་འབྲིང་བའི་འཁྱགས་སའི་ཁུལ་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ལོ་མང་འཁྱགས་སའི་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་པ་མ་ཟད། ལོ་མང་འཁྱགས་སའི་ཁུལ་གྱི་གྲོང་ཁྱེར་གྲོང་རྡལ་གྱི་འཆར་འགོད་དང་། དེ་བཞིན་འགྲིམ་འགྲུལ་དང་། གདོང་ལམ། གློག་གཏོང་སྒྱུར་སོགས་གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་ཞིབ་མཆན་ནན་པོ་འགོད་དགོས།

    དོན་ཚན་བཅོ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་གཙང་པོ་དང་མཚེའུ་ལ་དོ་དམ་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐོག་ནས། ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་གཙོ་གནད་གཙང་པོ་དང་། སེར་གླིང་མཚོ། གནམ་མཚོ། ཡར་འབྲོག་གཡུ་མཚོ། མ་ཕམ་གཡུ་མཚོ་སོགས་གཙོ་གནད་མཚེའུ་ལ་སྐོར་ཞིབ་ལྟ་སྡོམ་དང་། རྒྱང་བསྟེན་ལྟ་བཤེར། མངོན་མེད་རྐྱེན་ངན་གྲལ་བཤེར། གཙང་བཤེར་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།