དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

    (2025ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་བཞིན་སྲིད་འཛིན་ས་ཁོངས་དེ་གའི་ཆུ་ལམ་དང་མཚེའུ་ཡི་དོ་དམ་བྱེད་ཁོངས་གཏན་འཁེལ་བྱེད་པ་དང་སྦྲགས་ཡོངས་བསྒྲགས་བྱས་ནས། ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་འཛིན་སྡོམ་ཁུལ་དང་སྐྱེ་ཁམས་བར་ཆོད་ཁུལ་བབ་བསྟུན་གཏན་འཁེལ་བྱེད་པའི་ཁར། ཆུ་བོ་དང་མཚེའུ་ཡི་ཆུ་ཁོངས་དང་འགྲམ་ཐིག་འཛིན་སྡོམ་བྱེད་པའི་མཚམས་ཐིག་ཁ་གསལ་བཟོས་ནས་དེ་མཚུངས་ཀྱི་སྲུང་སྐྱོབ་ངོ་རྟགས་བཟོ་བ་མ་ཟད། ཆུ་བོ་དང་མཚེའུ་ཡི་འགྲམ་ཐིག་སླར་གསོ་བྱེད་པའི་འཆར་གཞི་བཟོས་ནས་ལག་བསྟར་བྱེད་དུ་བཅུག་སྟེ་ཆུ་བོ་དང་མཚེའུ་ཡི་རང་བྱུང་འགྲམ་ཐིག་གི་བསྡུར་ཚད་འགན་སྲུང་བྱས་ནས། ཆུ་བོ་དང་མཚེའུ་ཡི་འགྲམ་ཐིག་སྐྱེ་ཁམས་ཀྱི་ནུས་པ་སླར་གསོ་ཐུབ་པ་བྱེད་དགོས།

    ཆུ་ལམ་དང་། མཚེའུ་ཡི་ཆུ་ཁོངས། འགྲམ་ཐིག་བཅས་ཁྲིམས་དང་འགལ་ནས་བཟུང་སྤྱོད་བྱེད་མི་ཆོག

    དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུ་ལམ་བྱེ་འདོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྩ་འཛུགས་ཀྱི་འགོ་ཁྲིད་དང་། མཉམ་འབྲེལ་ཐོག་ཁྲིམས་སྒྱུར། ས་ཁོངས་མཉམ་ལས་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས། ཆུ་ལམ་བྱེ་འདོན་ལ་དོ་དམ་བྱ་རྒྱུར་ལྟ་བཤེར་དང་། བརྡ་ཁྱབ། དཔྱད་ཞིབ། འགན་འདེད་བཅས་བྱེད་ལམ་ཚགས་ཚུད་དུ་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུ་ལམ་བྱེ་འདོན་གྱི་བཀག་སྡོམ་ཁུལ་དང་བཀག་སྡོམ་དུས་ཡུན་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། བཀག་སྡོམ་མཚོན་རྟགས་མངོན་གསར་དོད་སར་འཛུགས་དགོས། ཆུ་ལམ་ནས་བྱེ་རྡོ་འདོན་པའི་བྱེད་སྒོར་ལྟ་སྐུལ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཁྲིམས་འགལ་གྱིས་ཆུ་ལམ་ནས་བྱེ་རྡོ་འདོན་རིགས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། སྔོག་འདོན་བཀག་སྡོམ་ཁུལ་དང་བཀག་སྡོམ་དུས་ཡུན་ནང་ཆུ་ལམ་ནས་བྱེ་རྡོ་འདོན་རིགས་གཏན་ནས་མི་ཐོན་པ་བྱེད་དགོས།

    བྱེ་འདོན་ལས་སྒྲུབ་པས་ངེས་པར་དུ་བྱེ་འདོན་ལས་སར་མཚོན་རྟགས་གསལ་པོ་འགེལ་དགོས། འཚོལ་བསྡུ་བྱས་པའི་བྱེ་རྡོ་དེ་དག་ཆོག་མཆན་ཐོབ་པའི་ས་ཆར་སྤུངས་དགོས་པ་དང་། བྱེ་རྡོའི་སྙིགས་རོ་དང་དེ་བཞིན་བེད་མེད་དངོས་རོ་གཞན་དག་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་སྲིད་འཛིན་དང་འཕེལ་སྒྱུར་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ལོ་འཁོར་མོའི་ཆུ་སྤྱོད་ཚད་དང་ཆུ་སྤྱོད་ཕྱོད་ཚོད་འཛིན་བྱེད་པའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐྱེ་ཁམས་བཞུར་ཚད་ཀྱི་ཆུ་བོ་དང་མཚེའུ་ཡི་མིང་གཞུང་འཐུས་སྒོ་ཚང་དུ་བཏང་ནས། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་བཞུར་ཚད་འགན་སྲུང་བྱེད་པའི་དམིགས་ཚད་ཁ་གསལ་བཟོ་དགོས་པ་མ་ཟད། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་བཞུར་ཚད་ལ་ལྟ་བཤེར་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་དགོས། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་བཞུར་ཚད་འགན་སྲུང་བྱེད་པའི་དམིགས་ཚད་ཁ་གསལ་བཟོས་ཏེ་རིམ་མཚུངས་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་བཞུར་ཚད་འགན་ལེན་བྱས་ཚུལ་དེ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་གཅིག་གྱུར་དོ་དམ་བྱེད་ཁོངས་སུ་འཇུག་དགོས།

    ཆུ་མཛོད་དང་། ཆུ་ཤུགས་གློག་ཁང་། ཆུ་རགས་སོགས་ཆུ་བེད་ཆུ་གློག་ལས་གཞི་དང་ཆུའི་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ལས་གཞིར་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚད་གཞི་ལྟར་སྐྱེ་ཁམས་བཞུར་ཚད་ལ་ལྟ་བཤེར་བྱེད་པའི་སྒྲིག་བཀོད་འཐུས་ཚང་འཛུགས་དགོས་པ་མ་ཟད། སྐྱེ་ཁམས་བཞུར་ཚད་གཤམ་འབུད་བྱ་ཐབས་དོན་འཁྱོལ་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། ཆུ་ནུས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གོང་འཕེལ་འཆར་འགོད་དང་། འབབ་རྒྱུད་དམ་ས་ཁོངས་ཀྱི་ཕྱོགས་བསྡུས་འཆར་འགོད། དེ་བཞིན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བླང་བྱ་བཅས་དང་མཐུན་དགོས་པ་མ་ཟད། སྔོན་གྲབས་ཆུ་འབོར་དེ་ཆུའི་ཐོན་ཁུངས་ཀྱི་འཐབ་ཇུས་བགོ་སྒྲིག་དང་གྲབས་གསོག་བྱ་རྒྱུར་སྤྱོད་དགོས།

    གྲོང་མིས་གློག་སྤྱོད་པ་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དགོས་མཁོ་སྐོང་རྒྱུ་ཕུད། ཆུ་ཤུགས་གློག་འདོན་གྱི་རྣམ་གྲངས་ཆུང་གྲས་གསར་དུ་སྐྲུན་མི་ཆོག བསྐྲུན་ཟིན་པའི་ཆུ་ཤུགས་གློག་འདོན་གྱི་རྣམ་གྲངས་ཆུང་གྲས་རིགས་འབབ་རྒྱུད་ཀྱི་ཕྱོགས་བསྡུས་འཆར་འགོད་དམ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བླང་བྱ་དང་མ་མཐུན་ཚེ། ཁྲིམས་བཞིན་རིགས་དབྱེ་དག་ཐེར་བྱེད་དུ་འཇུག་དགོས་པ་མ་ཟད། བྱ་ཐབས་སྤྱད་དེ་རིམ་བཞིན་ཕྱིར་འཐེན་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་ཆུའི་སྲིད་འཛིན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་ལྟར། ས་འོག་ཚ་ནུས་ཀྱི་ཆུའི་ཐོན་ཁུངས་ལ་དཔྱད་གདེང་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ས་འོག་ཚ་ནུས་ཀྱི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་བྱེད་པ་དང་སྦྲགས་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། ས་འོག་ཚ་ནུས་ཀྱི་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས། ངེས་པར་དུ་བཟོ་རྩལ་ལུགས་མཐུན་སྤྱད་དེ་སྔོག་འདོན་བྱེད་ཚད་ཚོད་འཛིན་ནན་པོ་བྱས་ནས་སྔོག་འདོན་དང་ཁ་གསབ་དོ་སྙོམས་ཡོང་བར་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྲིད་འཛིན་དང་སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་འོག་ཚ་ནུས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཆུ་དྲོད་དང་། ཆུ་གནས། ཆུ་སྤུས། བཞུར་ཚད་བཅས་དང་དེ་བཞིན་མཐའ་འཁོར་ས་གཤིས་ཁོར་ཡུག་ལ་སྐབས་བསྟུན་ལྟ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དུས་བཀག་ལྟར་ལྟ་བཤེར་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལྟར། ནགས་སའི་སྤྱོད་སྒོ་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རང་བྱུང་ནགས་ཚལ་གཅོད་རིགས་ཚོད་འཛིན་ནན་པོ་བྱེད་པ། གདོད་མའི་ས་རྒྱུད་རང་བཞིན་གྱི་སྔོ་ཁེབས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་སྐྱེ་ཁམས་མ་ལག་གི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་ཕན་ནགས་ཚལ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྦྲགས་སྲུང་སྐྱོབ་ནན་པོ་བྱས་ཏེ། སྤྱི་ཕན་ནགས་ཚལ་གྱི་བདག་སྐྱོང་འགན་འཁུར་ཚན་པས་ཚན་རིག་དང་མཐུན་པའི་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བྱུང་ཚུལ་ལ་གཞིགས་ནས་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་ཀྱི་ཚད་གཞི་སྐབས་བསྟུན་ལེགས་སྒྲིག་བྱེད་དགོས་པ་མ་ཟད། གལ་ཆེའི་སྐྱེ་ཁམས་ནུས་པ་ཐོན་ཁུལ་སྲུང་སྐྱོབ་བྱེད་པའི་དགོས་མཁོ་དང་ནགས་ཚལ་གྱི་སྤུས་ཚད་ལེགས་ཉེས་ལ་གཞིགས་ཏེ་བར་ཁྱད་ཡོད་པའི་ཁ་གསབ་རིམ་བཞིན་སྤྲོད་དགོས།

    དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གཞི་རྩའི་རྩྭ་ཐང་ལ་སྲུང་སྐྱོབ་དང་དོ་དམ་སྔར་བས་ནན་པོ་བྱས་ཏེ་ཁེབས་རྒྱ་ཆུང་དུ་མི་འགྲོ་བ་དང་། སྤུས་ཚད་ཞན་དུ་མི་འགྲོ་བ། སྤྱོད་སྒོར་འགྱུར་བ་མི་འགྲོ་བ་བཅས་ཀྱི་འགན་ལེན་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་གྱིས་མཐུན་སྦྱོར་བྱས་ཏེ། ས་ཆ་དེ་གའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དུས་བཀག་ལྟར་རྩྭ་ཐང་གི་ཕྱུགས་ཟོག་ཤོང་ཚད་གཏན་འཁེལ་བྱེད་དགོས་པ་མ་ཟད། རྩྭ་ཕྱུགས་དོ་སྙོམས་ཡོང་ཐབས་བྱེད་པའི་ཁར། ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ཁ་བཀག་ཁུལ་དབྱེ་འབྱེད་གཏན་འབེབས་བྱས་ཏེ། རྩྭ་ཕྱུགས་ག་འཛོལ་མི་ཡོང་བ་བྱེད་དགོས། སྐྱེ་ནུས་ཉམས་ཞན་དང་། ཐང་རྒོད་ཅན། བ་ཚྭ་ཅན། བྱེ་རྡོ་ཅན་བཅས་སུ་འགྱུར་ཚབས་ཆེ་བའི་རྩྭ་ཐང་དང་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་རྩྭ་ཐང་དུ་རྩྭ་ཁ་འགོག་པ་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འགན་འཁྲི་ཁག་བགོས་ལྟར། རྩྭ་ཐང་སྤྱོད་མཁན་དང་རྩྭ་ཐང་འགན་གཙང་ལེན་མཁན་ལ་ཁྲིད་སྟོན་གྱིས་གཟན་རྩྭ་འདེབས་འཛུགས་དང་གསོག་ཉར་བྱས་ནས་གཟན་ཆག་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་བ་དང་། ཕྱུགས་གྲངས་དང་སྣ་རིགས་དེ་བཞིན་ཁྱབ་སྟངས་ལ་སོགས་དོ་སྙོམས་ཡོང་ཐབས་བྱེད་པ། ཕྱུགས་སྣ་ལེགས་འགྱུར་བྱེད་པ། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། བཤས་གཏོང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྩྭ་ཐང་བེད་སྤྱོད་ལུགས་དང་མཐུན་པར་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་མཐོའི་ཐང་རྒོད་སྔོ་ཁེབས་དང་། མཐོ་གྲང་ན་སྤང་། དེ་བཞིན་ས་མཐོའི་ཐང་རྒོད་རྩྭ་ཐང་བཅས་ལ་སྲུང་སྐྱོབ་ནན་པོ་བྱས་ནས། ཐང་རྒོད་ས་ཞིང་དུ་བྱེ་བཀག་ནགས་སྐྱོང་རྩྭ་གསོ་དང་། དེ་བཞིན་རྩྭ་ཁ་བཀག་པ་དང་། རྩྭ་ཁ་རེས་སྐོར། རྩྭ་ར་བསྙལ་བ། རང་བྱུང་སྡོང་ཕྲན་ནགས་ཚལ་གསོ་སྐྱོང་དང་སོན་ཤུགས་སླར་གསོ། སྐྱས་སྤོས་རྩྭ་གསོ་སོགས་ཀྱི་བཅོས་སྐྱོང་སླར་གསོ་བྱ་ཐབས་སྤྱད་དེ། ཐང་རྒོད་སྐྱེ་ཁམས་སྲུང་སྐྱོབ་དང་ཐང་རྒོད་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

    དོན་ཚན་ཉེར་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྤྱད་དེ་མིས་འདམ་ར་དང་དེའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ངན་པ་བཟོ་རིགས་སྔོན་འགོག་དང་ཚོད་འཛིན་བྱས་ནས་འདམ་རའི་སྦགས་བཙོག་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འདམ་ར་ཉམས་ཞན་དུ་འགྲོ་བའི་མིས་བཟོས་ཤུགས་རྐྱེན་དང་རང་བྱུང་ཤུགས་རྐྱེན་ཆུང་དུ་བཏང་ནས་འདམ་རའི་སྐྱེ་ཁམས་ནུས་པ་བརྟན་འཁྱོངས་ཐུབ་པ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་། ཆུའི་སྲིད་འཛིན། ཞིང་ལས་གྲོང་གསེབ། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་བྱེད་དགོས་ལ། སླར་གསོའི་ཆ་རྐྱེན་འཛོམས་པའི་སྔར་ཡོད་འདམ་ར་དང་། ཞན་འགྱུར་འདམ་ར། བ་ཚྭ་ཅན་གྱི་འདམ་ར་སོགས་ཀྱི་སྐྱེ་ཁམས་ལ་ཡུལ་བབ་དང་བསྟུན་ནས་ཆུ་གསབ་པ་དང་། རང་བྱུང་འདམ་རའི་འགྲམ་རྒྱུད་སྲུང་སྐྱོང་བྱེད་པ། སྔོ་ཁེབས་སླར་གསོ་བྱེད་པ། སྦགས་བཙོག་གཙང་སེལ་བྱེད་པ། འཚོ་གནས་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱེད་པ། གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་པ། འགོག་གསོ་དང་ཕྱུགས་བཀག་སོགས་ཀྱི་བྱ་ཐབས་སྤྱད་དེ་འདམ་རའི་སྐྱེ་ཁམས་ནུས་པ་སླར་གསོ་བྱེད་དགོས།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།