བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།
—— 2024ལོའི་ཟླ་1ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག
གཉིས། 2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དུས་བབ་དང་། སྤྱིའི་བླང་བྱ། གོང་འཕེལ་གྱི་དམིགས་ཚད།
(གཅིག) མིག་སྔར་འཕྲད་པའི་གོང་འཕེལ་གྱི་དུས་བབ། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་ཉེན་ཁའི་འགྲན་སློང་ཡང་འཕྲད་ཡོད་ཅིང་། སྤྱིའི་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད།
འཕྲད་པའི་གོ་སྐབས། རྒྱལ་ནང་གི་གོང་འཕེལ་ཁོར་ཡུག་ཕྱོགས་ནས་བལྟས་ན། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་སྔར་བཞིན་མཉམ་དུ་གནས་ཡོད་ཅིང་། མཐུན་རྐྱེན་དེ་གནོད་རྐྱེན་ལས་ཆེ་བ་ཡོད་ཁར། དཔལ་འབྱོར་བསྐྱར་འཕེལ་གྱི་འཕེལ་ངོ་ལེགས་པ་དང་ཡུན་རིང་ལེགས་པོ་ཡིན་པའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་སྔར་བཞིན་གནས་ཡོད། ལྗོངས་ནང་ཁུལ་གྱི་གོང་འཕེལ་ཆ་རྐྱེན་ཕྱོགས་ནས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་གྱིས་ང་ཚོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པས་རྒྱུན་མཐུད་ནུས་པ་ཐོན་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཆེད་སྟོབས་གསོག་ནུས་འདུས་བྱུང་བ་དང་། ཡོངས་སྤྱོད་མཁའ་འགྲུལ་དང་ནུས་རྒྱུ་གཙང་མ་སོགས་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་འཛུགས་སྐྲུན་དང་དུས་འགོའི་ལས་དོན་ལ་སྐུལ་སྤེལ་གང་མགྱོགས་གཏོང་བཞིན་པ་དང་ཀྲུང་དབྱང་གིས་བོད་ལ་མ་འཇོག་བྱེད་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་ཡིན་པ། ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་འཁོར་རྒྱ་མཉམ་འདྲེས་ཧུར་ཐག་བྱས་ནས་རང་ལྗོངས་ཀྱི་གོང་འཕེལ་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་པ། རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་འགྲོ་རྒྱུར་ཕན་སྐུལ་ཐུབ་རྒྱུ་བཅས་རེད།
འཕྲད་པའི་འགྲན་སློང་། རྒྱལ་ཡོངས་ཕྱོགས་ནས་བལྟས་ན། དཔལ་འབྱོར་གོང་འཕེལ་ལ་ནུས་ལྡན་གྱི་དགོས་མཁོ་མི་འདང་བ་དང་། སྤྱི་ཚོགས་ཀྱི་སྔོན་དཔག་ཅུང་ཞན་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔར་བཞིན་ཅུང་མང་བ། ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན་བཅས་ཆེ་རུ་ཕྱིན་ཏེ། རང་ལྗོངས་ཀྱི་གོང་འཕེལ་ལ་འགྲན་སློང་ཡོང་ངེས་རེད། ལྗོངས་ནང་ཁུལ་ཕྱོགས་ནས་བལྟས་ན། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བར་གཙོ་བོ་མ་འཇོག་བྱེད་པར་བརྟེན་ནས་སྐུལ་ཁྲིད་བྱེད་དགོས་ཤིང་། འཛད་སྤྱོད་ཀྱི་དགོས་མཁོ་མི་འདང་བ་དང་། ཐོན་ལས་ཀྱི་རྨང་གཞི་ཞན་པ། ལས་ཞུགས་འབབ་འཕར་གྱི་གནོན་ཤུགས་ཅུང་ཆེ་བ། དམངས་ཁྲོད་ཀྱི་མ་འཇོག་བྱེད་ཤུགས་མི་འདང་བ་བཅས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པ་དང་བསྡུར་ན་ད་དུང་ཧེ་བག་ལྡན་ཡོད་ལ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་གཞི་ཁྱོན་ཡང་ཆེན་པོ་མེད་པས། གནད་དོན་དེ་དག་ལ་ཞིབ་འཇུག་ནན་ཏན་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ཏན་ཏིག་བྱེད་དགོས།
(གཉིས) སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད།
དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཐེངས་ལྔ་པ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཡོང་བར་བྱས་ཐོག “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བསྒྲིལ་ནས“མངོན་པ་གསུམ་དང་ཕན་ཡོད་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས།
དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་8%ཡས་མས་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་13%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་གི་སྤྱི་འབོར་10%ཡས་མས་འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་10%ཡན་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་10%ཡན་འཕར་བ་བཅས་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་གྱི་འཕར་ཚད་གཞི་རྩའི་ཆ་ནས་མཉམ་བགྲོད་ཐུབ་པ་བྱ་རྒྱུ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོད་པ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཤུགས་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་རེད།
གསུམ། 2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ།
(གཅིག) མ་འཇོག་ལ་དམ་པོར་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་གོང་འཕེལ་ལ་དམ་འཛིན་བྱེད་པ་དང་། གོང་འཕེལ་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས”པའི་བསམ་བློ་བརྟན་པོ་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་གཏིང་ཤུགས་ལྡན་པའི་འགན་ལེན་བྱ་རྒྱུ་ཡིན་ཞིང་། 2024ལོར། ཐོག་མའི་འཆར་གཞི་ལྟར་ན་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1600ཡས་མས་བཀོད་སྒྲིག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་སྙན་སེང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་འཇོག་བྱེད་ཕྱོགས་ལ་རང་རྟོགས་ངང་སྦྲེལ་མཐུད་བྱས་ཏེ། སྔོན་ཚུད་ནས་ཇུས་འགོད་དང་རྣམ་གྲངས་ལ་རིགས་པས་ཁུངས་སྐྱེལ་ཞིབ་ཚགས་བྱས་ཐོག རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་སྙན་སེང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་སྲིད་གཞུང་ནས་མ་འཇོག་སྒོར་དུང་ཕྱུར་800ཡན་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གཉིས་ནི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཇེ་མགྱོགས་སུ་གཏོང་རྒྱུ། དུས་འགོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རྣམ་གྲངས་དོན་འཁྱོལ་ཐུབ་མིན་གྱི་འགག་རྩ་ཡིན། གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོན་དངུལ་དོན་འཁྱོལ། མཐུད་སྦྲེལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་འགོའི་ལས་དོན་གྱི་སྤུས་ཚད་ལེགས་སུ་བཏང་ནས་རྣམ་གྲངས་དེ་བས་མང་བ་རྒྱལ་ཁབ་ཀྱི་འཆར་གཞིའི་ནང་འཇུག་ཐུབ་པ་བྱ་རྒྱུ། ལྷ་སའི་གནམ་ཐང་གཉིས་པའི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། གལ་ཆེའི་རྣམ་གྲངས་གྲབས་གསོག་དང་གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། རྣམ་གྲངས་ཀྱི་ཞིབ་མཆན་འགོད་རིམ་མགྱོགས་སུ་གཏོང་རྒྱུ་དང་། འཛུགས་སྐྲུན་གྱི་ཆ་རྐྱེན་དོན་འཁྱོལ་བྱས་ནས“དངུལ་སྒུག་རྣམ་གྲངས”ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ། གསུམ་ནི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། གལ་ཆེའི་རྣམ་གྲངས་འགན་འཁྲི་གཙང་ལེན་ལམ་སྲོལ་དོན་འཁྱོལ་བྱས་ནས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་སོགས་གལ་ཆེའི་རྣམ་གྲངས་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་ཐུབ་པ་བྱ་རྒྱུ་དང་། ཁྲོན་བོད་ལྕགས་ལམ་དང་དེ་བཞིན་ལེ་ལག་ཚང་སྒྲིག་གི་གཞུང་ལམ་དང་། G4218རྒྱུད་ཀྱི་སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་དུམ་བུ། G318 G219 འབའ་ཐང་ཆུ་ཤུགས་གློག་ཁང་། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་གློག་ཤུགས་ཕྱིར་གཏོང་ལས་གྲྭ། འཕགས་རྩེ་ཆུ་བེད་སོགས་རྣམ་གྲངས་འཛུགས་སྐྲུན་རྒྱུན་མཐུད་ཇེ་མགྱོགས་སུ་གཏོང་རྒྱུ། G109དང་། ཡོངས་སྤྱོད་མཁའ་འགྲུལ། ལྷ་སའི་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་རིམ་སྤོར་ལས་གྲྭ་སོགས་གལ་ཆེའི་རྣམ་གྲངས་བསྐྲུན་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། ནུས་གཙང་དྲོད་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
(གཉིས) ལེགས་ཆར་དམིགས་ནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས“རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི”རྣམ་པ་གཞིར་བཟུང་ས་ཁོངས་ཀྱི་ཐོན་ལས་ཀྱི་ཁྱབ་ཚུལ་སྔ་སྣུར་དུ་ཇུས་འགོད་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་སྐོང་འཚོགས་བྱ་རྒྱུ་དང་། 《རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གོང་འཕེལ་འཆར་འགོད》བཟོ་སྒྲིག་བྱ་རྒྱུ། G318དང་G219སོགས་བོད་ནས་འགྲོ་འོང་བྱེད་པའི་མ་ལམ་གཙོ་བོའི་ལམ་རྒྱུད་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ། རིག་གནས་ཐོན་ལས་དང་རིག་གནས་ཁྲོམ་ར་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་གོང་འཕེལ་གཏོང་སྟངས་དེ་ཕྲེང་སྦྲེལ་ཧྲིལ་པོ་དང་གཞི་རྟེན་མང་བའི“ཐོན་ལས་དཔལ་འབྱོར”གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་20%ཡན་འཕར་ཐུབ་པའི་འགན་ལེན་བྱས་ཏེ་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་13%ཡན་འཕར་ཐུབ་པ་བྱ་རྒྱུ་དང་། གཉིས་ནི་ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཆེད་དམིགས་མ་དངུལ་འཛུགས་རྒྱུ་དང་། བོད་ཤར་ལྷོའི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ལྕེ་ཤོད་དང་། ཡེར་པ་ཐང་། འཕྲང་པོ་ཆུ་ཤུགས་གློག་ཁང་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ལེ་ལག་ཚང་སྒྲིག་གི་འོད་ཤུགས་གློག་གཏོང་རྣམ་གྲངས། དེ་བཞིན་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་བཅས་བསྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། གཙོ་གནད་འབབ་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། འགན་སྲུང་རང་བཞིན་གྱི་དྲ་སྦྲེལ་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། དགུན་གློག་སྙོམ་སྒྲིག་རིང་གློག་ཤུགས་མཁོ་འདོན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ། གློག་འདོན་ཚད་25%ཡན་འཕར་ཐུབ་པའི་འགན་ལེན་བྱ་རྒྱུ། གསུམ་ནི་འབྱུང་འཕྲོད་བཟོ་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། འཐབ་ཇུས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤུས་ལེགས་གཏེར་ཁའི་ཕན་འབྲས་ལེགས་སུ་གཏོང་ཐུབ་པ་བྱ་རྒྱུ་དང་། ལི་རྒྱུ་ཐོན་ལས་འཁོར་འབྲེལ་འཛུགས་པ་དང་། སྣུར་སྲིང་། ཁ་གསབ། སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ། ཆིང་དབྱང་ཐོན་ལས་ཀྱི་དཔེ་སྟོན་གཏོད་རྒྱུ། བཞི་ནི་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཐད་ཀའི་མ་དངུལ་བསྡུ་རྒྱུག་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱ་རྒྱུ། ཀུན་ཕན་དངུལ་རྩ་དང་འབྱུང་འཕྲོད་དངུལ་རྩ་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། བཀར་འཇུག་ཟོག་འགྲེམས། ནུས་བསྲི་ཁོར་སྲུང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་། རྒན་གསོ་བུ་བཅོལ། ཁྱིམ་ལས་སྡེ་ལས། བདེ་ཐང་རིག་གནས་ལུས་རྩལ་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཅིག་འགྱུར་འཆར་འགོད་བྱེད་པར་སྐུལ་འདེད་བཏང་སྟེ། ལག་རྩལ་གྱི་ཆུ་ཚད་མཐོ་བ་དང་། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ། ལས་ཞུགས་ཀྱི་བསྡུ་ལེན་ནུས་པ་ཆེ་བ་བཅས་ཀྱི་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱ་རྒྱུ། ལྔ་ནི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྦོལ་དང་བསྒྱུར་བཀོད་རིམ་སྤོར་བྱ་རྒྱུ། མུའུ་རེའི་ཐོན་འབབ་མཐོ་རུ་ཤུགས་ཆེ་གཏོང་བ་དང་འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོ་ཡོང་བ་བྱས་ཏེ། འབྲུ་རིགས་ཐོན་འབབ་ཏུན་ཁྲི100ཡན་བརྟན་འཁྱོངས་ཐུབ་པའི་འགན་ལེན་བྱ་རྒྱུའི་ནང་ནས་ཀྱིས་ཏུན་ཁྲི་80ཡན་ཟིན་པ་བྱ་རྒྱུ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་10%ཡན་འཕར་ཐུབ་པ་བྱ་རྒྱུ། དྲུག་ནི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ས་གནས་ཁྲིམས་བཟོར་སྐུལ་འདེད་གང་མགྱོགས་གཏོང་བ་དང“གསོ་རིག་དང་། སློབ་གསོ། ཞིབ་འཇུག ཐོན་སྐྱེད”བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་8%ཡན་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ། བདུན་ནི་མཐོ་གསར་གྲངས་འཛིན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རེས་འཁོར་གསར་པའི་ཚན་རྩལ་རྣམ་པའི་ཁེ་ལས་སྐྱེད་སྲིང་དང་གོང་འཕེལ་གཏོང་རྒྱུའི་བྱ་སྤྱོད་སྤེལ་ཏེ་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་བའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། ཐོན་ལས་གྲངས་འཛིན་ཅན་དང་། གྲངས་འཛིན་ཐོན་ལས་ཅན། གཞི་གྲངས་མཉམ་སྤྱོད་བཀོལ་སྤྱོད་བཅས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། 5Gདང་། འབྱུང་འཕྲོད་གཞི་གྲངས་ལྟེ་གནས། བཟོ་ལས་མཉམ་སྦྲེལ་དྲ་རྒྱ། ཟོག་སྦྲེལ་དྲ་རྒྱ། རྒྱལ་ཁབ་རིམ་པའི་ལྷ་སའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་རྒྱུ། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་10%ཡན་འཕར་ཐུབ་པའི་འགན་ལེན་བྱ་རྒྱུ། བརྒྱད་ནི་མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཀྱི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཚོང་དོན་ཟོག་འགྲེམས་དྲ་རྒྱའི་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། མཁའ་འགྲུལ་ཁུལ་གསར་གྱི་གྲང་སྦྲེལ་ཟོག་འགྲེམས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། གསར་དུ་བཙུགས་པའི་བོད་ལྗོངས་མཁོ་ཚོང་ཚོགས་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱ་རྒྱུ། “འགྲིམ་འགྲུལ་སྦྲག་སྲིད་མཉམ་འདྲེས”དང“སྦྲག་སྲིད་མྱུར་སྐྱེལ་མཉམ་ལས”ཟབ་སྤེལ་བྱས་ཏེ། མྱུར་སྐྱེལ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བར་ནུས་ཤུགས་འདོན་རོགས་བྱ་རྒྱུ། དགུ་ནི་གནམ་གྲུ་ཤར་གཏོང་ཐུབ་པའི་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ཡོངས་སྤྱོད་མཁའ་འགྲུལ་གནམ་ཐང་གི་དུས་ཁག་དང་པོའི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ཡོངས་སྤྱོད་མཁའ་འགྲུལ་10དང་གནས་སྐབས་འཕུར་འབབ་བྱེད་ས་47བསྐྲུན་འགོ་འཛུགས་ཐུབ་པ་བྱ་རྒྱུ། སྲིད་གཞུང་གི་ནོར་སྲིད་ཁ་གསབ་དང་ཞབས་ཞུ་ཉོ་སྒྲུབ་དོན་འཁྱོལ་བྱས་ནས་ཁྲོམ་ར་རྒྱ་སྐྱེད་དང་ཐོན་ལས་འཁོར་སྦྲེལ་ཡོངས་ཀྱི་རྣམ་པ་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་རྒྱུ། བཅུ་ནི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་གྱི་ཐབ་ཆས་ཐོན་ལས་ཁག་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་རང་བྱུང་འཐུང་ཆུའི་ཐོན་ལས་འཁོར་སྦྲེལ་མཐུན་སྦྱོར་གསར་གཏོད་བྱ་རྒྱུ། ལག་བཟོས་ཐོན་རྫས་ཀྱི་སྤུས་ཚད་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། བཟོ་ལས་ཁེ་ལས་ཀྱི་ལག་རྩལ་རིམ་སྤོར་བསྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་རྩེར་སོན་ཅན་དང་། རིག་ནུས་ཅན། འབྱུང་འཕྲོད་ཅན་བཅས་ཀྱི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་རེད།
(གསུམ) འཛད་སྤྱོད་ཀྱི་དགོས་མཁོར་དམིགས་ནས་འཛད་སྤྱོད་ཀྱི་སྤུས་འབྲས་ལེགས་གཏོང་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཐབས་ལམ་མང་པོའི་ཐོག་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་སྡོད་ཁང་ལེགས་བཅོས་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཐོན་རྫས་ཆེ་གྲས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཚོང་རྟགས་རྙིང་པ་གསར་གཏོད་དང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། འབྱུང་འཕྲོད་འཛད་སྤྱོད་དང་གྲགས་རྟགས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས“ཀྲུང་ཧྭའི་ཟས་མཆོག·བོད་ཀྱི་བྲོ་ལྡན”ཞིམ་ཟས་ཁྲོམ་གཞུང་གི་གྲགས་རྟགས་སྟོབས་ཆེ་རུ་གཏོང་རྒྱུ། ཚོང་ཁང་ཐོག་མ་དང་། རིགས་འབྲེལ་སྟབས་བདེའི་ཚོང་ཁང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་མཁོ་སྤྲོད་ཀྱི་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་བ་དང་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འཛད་སྤྱོད་ཚོང་ལས་ཁུལ་དང་། ཚོང་ལས་ཉོ་ཚོང་ལྟེ་གནས། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲེམས་དྲ་ཚིགས་སོགས་རྨང་གཞིའི་སྒྲིག་བཀོད་ཚང་སྒྲིག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མཚན་མོའི་ཁྱད་ལྡན་འཛད་སྤྱོད་ཁྲོམ་གཞུང་བཏོད་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་ཁུལ་སྟོབས་ཆེ་རུ་གཏོང་རྒྱུ། དངུལ་རྩའི་སྒྲིག་གཞིས་རླངས་འཁོར་དང་། ཁྱིམ་ཆས། ཁྱིམ་མཁོ་སོགས་གཙོ་གནད་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་དངུལ་རྩའི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ། རིག་གནས་དང་། ཡུལ་སྐོར། ལུས་རྩལ། སློབ་གསོ། བདེ་ཐང་། འགྲེམས་ཚོགས་སོགས་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་1000ལས་བརྒལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་བཅས་རེད།
(བཞི) དམངས་འཚོར་དམ་པོར་དམིགས་ནས་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མ་དངུལ་སྒོར་དུང་ཕྱུར་121.4བཀོད་སྒྲིག་བྱས་ཏེ། དམངས་འཚོའི་བྱ་བ་དངོས་21ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ལས་ཞུགས་སྲིད་ཇུས་ལེགས་སྒྲིག་དང་ལེགས་གཏོང་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་དང་། ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱ་རྒྱུ། སྲིད་གཞུང་གིས་སྒོར་ཁྲི་400མན་གྱི་མ་འཇོག་བྱས་པའི་རྣམ་གྲངས་ཁག་ས་གནས་དེ་གའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྤྲོད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཙོ་གནད་རྣམ་གྲངས་ནང་འཚོ་རྟེན་ལས་སྤྲོད་ཁྱབ་གདལ་བཏང་ནས་ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་སྒྲིག་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཁྲི་63ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་65ཟིན་པའི་འགན་ལེན་བྱ་རྒྱུ། གཉིས་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་ཏེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཚང་སྒྲིག་ཁྲི་3.95གསར་སྐྲུན་དང་མཐུད་སྐྲུན་བྱ་རྒྱུ། “རྒྱུན་འཕྲལ་གཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་བསྒྱུར་བཀོད་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཐོག རྙིང་གོག་སྡེ་ཁུལ་ཆུང་གྲས་38བསྒྱུར་བཀོད་བྱས་ནས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་39%ཡན་ཟིན་པ་བྱ་རྒྱུ། གསུམ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ། དབུལ་སྒྲོལ་འགག་གྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱ་རྒྱུ་དང་། “ཁྲི་སྟོང་ལས་གྲྭ”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ།“གྲོང་ཚོ་སྟོང་གི་དཔེ་སྟོན”ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པ་སོགས་ཀྱི་བྱ་སྤྱོད་སྤེལ་ནས་སྟོབས་ཤུགས་གཅིག་སྡུད་ཐོག་མང་ཚོགས་ཀྱིས་ཚོར་ཐུབ་པའི་བྱ་བ་དངོས་ཁག་གཅིག་ཡག་པོ་བསྒྲུབ་རྒྱུ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་ཕྱུགས་ལོགས་དབྱེ་དུད་ཚང་ཁྲི་3.8དང་གསང་སྤྱོད་བསྒྱུར་བཀོད་དུད་ཚང་ཁྲི་2.2ལེགས་སྒྲུབ་བྱ་རྒྱུ་མ་ཟད། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཁག་300འཛུགས་སྐྲུན་བྱ་རྒྱུ། བཞི་ནི་སློབ་གསོ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་དང་ཇོ་མོ་གླང་མའི་ཤེས་ལྡན་པའི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དང་། དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་བཟང་ཆ་རྒྱ་སྐྱེད་དང་སྤུས་ཚད་ལེགས་གཏོང་གི་བྱ་སྤྱོད་འཆར་གཞི་དང་། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི་མུ་མཐུད་ལག་བསྟར་བྱ་རྒྱུ། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་སློབ་ཁྲིད་སློབ་དཔྱོད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་རིག་གཞུང་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་ལྗོངས་ཀྱི་ཁྲེང་ཏུའུ་སློབ་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། ལྔ་ནི་སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་སྨན་བཅོས་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་སྟེ། “1+7+13”སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། “མཉམ་སྦྲེལ་དྲ་རྒྱ+སྨན་བཅོས་བདེ་ཐང”གི་འཛུགས་སྐྲུན་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་ཏེ་ལོ་ལྟར་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་སྐབས་བསྟུན་མེད་པ་བཟོ་རྒྱུ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྐྱོན་བྲལ་ངང་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་བཟོས་ཏེ། “སྨན་གསུམ”མཉམ་འགུལ་སྒྱུར་བཅོས་དང་མཐུན་སྦྱོར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། དྲུག་ནི་འགན་སྲུང་གི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ། ནད་རིགས་ལ་གཞིགས་ནས་རིན་དངུལ་སྤྲོད་པའི་ཚོད་ལྟ་ཁྱབ་སྤེལ་གཏོང་རྒྱུ། “མཉམ་སྦྲེལ་དྲ་རྒྱ+སྤྱི་ཚོགས་འགན་སྲུང”གི་ཞབས་ཞུར་སྐུལ་འདེད་གཏོང་རྒྱུ།“རྒན་པ་གཅིག་དང་ཆུང་བ་གཅིག”གི་ལས་གྲྭར་སྐུལ་འདེད་གཏོང་རྒྱུ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། མཚོ་རྩིས་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་ཞིང་འབྲོག་ཁུལ་ལ་དྲོད་རླངས་ཁེབས་ཐུབ་པ་བྱ་རྒྱུ། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལས་ཀར་ཤུགས་སྣོན་རྒྱག་རྒྱུ། དབུ་དཀར་དཔལ་འབྱོར་གོང་འཕེལ་བཏང་ནས་མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ། བདུན་ནི་རིག་གནས་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། རིག་གནས་དམངས་ཕན་ལས་གཞི་དང་གཞི་རིམ་ཀྱི་རིག་གནས་འཐབ་ས་སྟོབས་ཆེར་གཏོང་བའི་ལས་གཞིར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རིག་གནས་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་གནས་གཞི་གྲངས་ཀྱི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་བཏང་སྟེ། ལུས་རྩལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག དམངས་ཡོངས་ཀྱི་ལུས་སྦྱོང་ལས་འགུལ་སྤེལ་ནས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།
(ལྔ) ཞན་ཆར་དམ་པོར་དམིགས་ཏེ་འགུལ་ནུས་སྐྱེད་སྲིང་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལ་ཡག་ཤོས་མེད་ཅིང་དེ་བས་ལེགས་པ་ཡོད་པའི་འདུ་ཤེས་བཙུགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཕན་འབྲས་ཐོན་པ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ། “ཆེས་བཞི”ཚད་འཛིན་ལས་དོན་རྒྱུན་མཐུད་སྤེལ་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་དཔྱད་ཞིབ་ལམ་སྲོལ་འཛུགས་རྒྱུ་དང་། “ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོའི”ཆེད་དམིགས་བྱ་སྤྱོད་སྤེལ་རྒྱུ། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་གནད“འདྲེན་དགོས་ངེས་འདྲེན་རྒྱུར”སྐུལ་འདེད་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག་འདོན་རྒྱུ། ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་བཏང་སྟེ། དངུལ་རྩས་དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་བར་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་རྒྱུ། རྗེས་སྙེག་ལམ་སྲོལ་འཛུགས་རྒྱུ་དང་། གཙོ་རྒྱུའི་འགན་སྲུང་ནུས་པ་ཆེ་རུ་བཏང་ནས་ཚོང་དང་མ་རྩ་འདྲེན་འགུགས་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར་500ཡན་ཟིན་པའི་འགན་ལེན་བྱས་ཐོག རྣམ་གྲངས་དངོས་སུ་དོན་འཁྱོལ་ཐུབ་པ་བྱས་ཏེ་བསྐྲུན་ཟིན་ནས་བེད་སྤྱོད་ཐུབ་པ་བྱ་རྒྱུ། གཉིས་ནི་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ།“སྐལ་བཟང་མེ་ཏོག་བྱ་སྤྱོད”རྒྱུན་མཐུད་ལག་བསྟར་བྱས་ནས་རྗེས་གྲབས་ཁེ་ལས་ཀྱི་ཐོན་ཁུངས་མཛོད་འཛུགས་རྒྱུ་དང་། དངུལ་ཁང་དང་ཁེ་ལས་ཀྱི་སྤེལ་རེས་ལས་སྟེགས་བསྐྲུན་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ། “ཁྲིམས་སྐྱོང་དམངས་གཉེར་ཁེ་ལས”འཛུགས་སྐྱོང་གཏིང་ཟབ་བྱས་ཏེ། རྣམ་གསར་རྨང་གཞིའི་སྒྲིག་བཀོད་དང་། མཐའ་དར་དམངས་ཕྱུག སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་འཛུགས་སྐྲུན་བྱེད་པའི་ནང་སྤྱི་ཚོགས་ཀྱི་མ་དངུལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་དམངས་ཁྲོད་མ་འཇོག་བརྟན་ཐོག་བཟང་འཁྱོངས་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་ཡོང་བར་སྐུལ་འདེད་གཏོང་རྒྱུ། གསུམ་ནི་གླིང་ཁུལ་གྱི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་པའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཐོན་ལས་ཀྱི་གཙོ་རྒྱུ་གསར་སྤེལ་ཁུལ་དུ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དང་། དགེ་མཚན་ལྡན་པའི་རྣམ་གྲངས་དང་ཁེ་ལས་གཉིས་ཁྱད་ལྡན་ནུས་པ་ཐོན་ཁུལ་དུ་གཅིག་སྡུད་བྱེད་པར་ཁྲིད་སྟོན་བྱ་རྒྱུ།“ས་གྲོལ་དཔལ་འབྱོར”འཚོལ་ཞིབ་དང་གོང་འཕེལ་གཏོང་རྒྱུ་བཅས་རེད།
(དྲུག) འགག་རྩར་དམ་པོར་དམིགས་ནས་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་དང་ཐོགས་གནད་ནུས་ཤུགས་ཡོད་རྒུས་མེད་པ་བཟོས་ནས་སྒྱུར་བཅོས་ལས་དོན་གྱི་སྤུས་འབྲས་ལེགས་གཏོང་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་བྱེད་ཐབས་བཟོས་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེ་མོའི་འཛུགས་སྐྲུན་ལ་རང་རྟོགས་ངང་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་། རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་མཐོར་འདེགས་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་། གྲོང་གསེབ་ཀྱི་འགན་གཙང་ལེན་པའི་ས་ཆའི“དབང་གསུམ་ལོགས་འཛུགས”མངོན་འགྱུར་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ། རྨོ་ཞིང་བཟུང་གསབ་དོ་མཉམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་དང་། རང་སྐྱོང་ལྗོངས་ཀྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་ནོར་སྲིད་སྒྲིག་གཞིའི་སྒྱུར་བཅོས་ཚོད་ལྟའི་ས་ཚིགས་དང་། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས། གསར་སྤེལ་ཁུལ་གྱི་དོ་དམ་ལམ་ལུགས་སྒྱུར་བཅོས་བཅས་གཏིང་ཟབ་ཏུ་གཏོང་རྒྱུ། རེས་སྐོར་གསར་པའི་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུ། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་སྤེལ་རྒྱུར་རྒྱབ་སྐྱོར་དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱས་ཏེ་ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ། གཉིས་ནི་ཕྱི་ཕྱོགས་སུ་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ། ཕྱི་ཕྱོགས་སུ་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོས་ཏེ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་ཞབས་ཞུ་དང་མཉམ་འདྲེས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་སོགས་གཙོ་གནད་འགག་སྒོར་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་སྒྲིག་གི་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། སྨན་གླིང་དང་དགུན་ས་གནམ་ཐང་ལ་མཁའ་འགྲུལ་འགག་སྒོའི་ནུས་པ་གསར་འཛུགས་དང་ཀྲུང་འབར་ཅི་ཐེ་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་ཀྱི་གདང་རིམ་སྤོར་རྒྱུ། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་། ཚད་གཞི་མཐོ་བའི་སྒོ་ནས་འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་སྟེ་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་གཏོད་པར་ཤུགས་རྒྱག་རྒྱུ། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་པོ་དང་གྲུབ་ཚུལ་ལེགས་པའི་བྱེད་ཐབས་འགའ་དོན་འཁྱོལ་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཡིད་རྟོན་ཞབས་ཞུའི་འགན་སྲུང་ལམ་སྲོལ་འཛུགས་རྒྱུ། ཕྱིར་གཏོང་ཁྲལ་སློག་དང་ཁྲལ་གྲོན་ཆག་ཡང་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་མཐའ་མཚམས་ཀྱི་ཟོག་འགྲེམས་སྐྱེལ་འདྲེན་གྱི་ཁ་གསབ་སྲིད་ཇུས་བཟོ་འདོན་བྱ་རྒྱུ།“ཧི་མ་ལ་ཡ་བསྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཡག་པོ་གཉེར་རྒྱུ་བཅས་རེད།
(བདུན) བརྟན་ལྷིང་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཟབ་ཏུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བོད་ཀྱི་གསར་བརྗེའི་ཐོན་ཁུངས་སྔོག་འཚོལ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཆོས་ལུགས་ཀྱི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་པོ་བྱ་རྒྱུ།“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཇེ་ཟབ་ཏུ་བཏང་ནས་ཁ་ཕྲལ་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་བཏང་སྟེ་ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་དུ་གྱུར་བ་བྱ་རྒྱུ། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བར་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་བཅས་རེད།
(བརྒྱད) སྐྱེ་ཁམས་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གཏོད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོས་ཐོག སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནི་སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། འཁྱགས་མཚོའི་གནོད་འཚེར་ལྟ་ཞིབ་ཚད་ལེན་བྱས་ཏེ་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ནས་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་95ཡན་གསར་འཕར་ཡོང་བའི་འགན་ལེན་བྱ་རྒྱུ་དང་ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་མུའུ་ཁྲི་10ཡན་ལེགས་སྒྲུབ་བྱ་རྒྱུ། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་550སླར་གསོ་བཅོས་སྐྱོང་བྱ་རྒྱུ། བཙན་འཛུལ་སྐྱེ་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ། རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ། སྐྱེ་ཁམས་སྐྱིན་གསབ་ལམ་ལུགས་དང་སྐྱེ་ཁམས་གུན་གསབ་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུ། གཉིས་ནི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འཁྱགས་རོམ་དང་འདམ་རར་སྲུང་སྐྱོབ་བྱེད་པའི་ཁྲིམས་བཟོར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ས་མཐོའི་ས་ཁུལ་ལ་གད་སྙིགས་མེར་བསྲེགས་ཚོད་ལྟ་ཁུལ་ཆུང་གྲས་འཛུགས་པའི་ལས་དོན་སྤེལ་རྒྱུ། “གཉིས་མཐོ་གཅིག་དམའ”ཡི་ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ་མཐའ་འཁྱོངས་བྱ་རྒྱུ། ནུས་རྒྱུ་གསར་པའི་འགྲིམ་འགྲུལ་ཡོ་བྱད་བེད་སྤྱོད་དང་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཐཱན་ཚད་མཐོ་ཤོས་དང་ཐཱན་སྙོམ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་སྤྱིའི་ལག་ཁྱེར་ལྗང་ཁུ་བརྗེ་ཚོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས“སྙིགས་རོ་མེད་པའི་གྲོང་ཁྱེར”དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
(དགུ) མཐའ་ཁུལ་སྟོབས་ཆེར་གཏོང་རྒྱུར་དམ་པོར་དམིགས་ནས་མཐའ་མཚམས་ས་ཁུལ་གོང་འཕེལ་མྱུར་པོ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་མཐའ་མཚམས་རྫོང(གྲོང་ཁྱེར)21ལ་དམིགས་འཛུགས་རོགས་སྐྱོར་བྱ་རྒྱུ་དང་། མཚོ་སྣ་གྲོང་གསར་སྐྲུན་མགྱོགས་སུ་གཏོང་བ་དང་། མཚོ་རྩིས་སྨི་3500ཡན་གྱི་རྫོང་གྲོང་དུ་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གོང་འཕེལ་བཏང་ནས་མཐའ་མཚམས་མང་ཚོགས་ལ་ལས་ཀ་བྱེད་རྒྱུ་ཡོད་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱ་རྒྱུ་བཅས་རེད།
(བཅུ) སྔོན་དཔག་ལ་དམ་པོར་དམིགས་ནས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཡག་པོ་བྱས་ཏེ་གཞི་ཆེའི་སྟངས་འཛིན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། “དུས་ཆེན་གསུམ”གྱི་གལ་ཆེའི་དམངས་འཚོའི་ཚོང་ཟོག་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་དང་དགུན་གློག་སྙོམ་སྒྲིག་རིང་གི་ནུས་རྒྱུ་མཁོ་འདོན་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་ནན་དཀྲིས་དང་། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པའི་འགན་སྲུང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། འགོ་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་པ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱ་རྒྱུ། གནོད་འཚེའི་ལས་འཛོལ་སྔོན་འགོག་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མིའི་མི་འབོར་དོ་དམ་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་བཅས་རེད།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)