དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

    ​—— 2024ལོའི་ཟླ་1ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-24

    རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས།

    འཐུས་མི་རྣམ་པ་ཚོ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཕུལ་ནས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་པ་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    གཅིག 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་གསུམ་རིང་གི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་འགྱུར་རྗེས་དཔལ་འབྱོར་སླར་གསོ་དང་གོང་འཕེལ་བྱུང་བའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཐོག“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། “མངོན་པ་གསུམ་དང་ཕན་ཡོད་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས། ནང་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་པ་དང་། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་བྱས་པར་བརྟེན། མ་འཇོག་བརྟན་པོ་དང་། འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་བྱུང་ཁར། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཡོངས་སུ་མངོན་འགྱུར་ཐུབ་རེ་ཡོད་པ་དང་། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་ནས་2024ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

    སྔོན་དཔག་བྱས་ན། 2023ལོའི་ལོ་ཧྲིལ་པོའི་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་9%ཡས་མས་འཕར་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་30%ཡན་འཕར་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་10%ཡན་འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་སྤྱི་འབོར་22%ཡན་འཕར་རྒྱུ། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་རིམ་རྩིས་བྱས་ན་ལས་གཉེར་ཡོང་འབབ་20%ཡན་འཕར་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་130%ཡན་འཕར་རྒྱུ། ཡུལ་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་8%ཡས་མས་འཕར་བཟོ་ཡོད་པའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་6.5%ཡས་མས་དང་10%ཡས་མས་སོ་སོར་འཕར་རྒྱུ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་31.7%དང་8%ཡས་མས་སོ་སོར་འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཤུགས་3%ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུ་བཅས་རེད།

    (གཅིག) རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། “མ་འཇོག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལོའི”བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ་མ་ཟད། ནུས་ལྡན་མ་འཇོག་རྒྱ་ཆེར་ཧུར་ཐག་བཏང་སྟེ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྨང་གཞི་བརྟན་དུ་བཏང་བ་སྟེ། གཅིག་ནི་སྙན་སེང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐུ་ངོ་མས་རུ་སྣེ་ཁྲིད་དེ་རྒྱལ་ཁབ་པུའུ་ཨུད་ལ་སྙན་སེང་མཐུན་སྦྱོར་གནང་བ་དང་སྦྲགས། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་འཇོག་བྱེད་ཕྱོགས་ལ་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་མ་འཇོག་ཐད་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་གང་ཐུབ་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་794(ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་246དང་། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་126 རླངས་འཁོར་ཉོ་ཁྲལ་སྒོར་དུང་ཕྱུར་393 དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་ཐེབས་རྩའི་སྒོར་དུང་ཕྱུར་22 ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་7བཅས)དོན་འཁྱོལ་བྱས་ཤིང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་750ཚད་བརྒལ་ལེགས་གྲུབ་བྱུང་ཡོད་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་43དམིགས་སར་འབྱོར་ཡོད། གཉིས་ནི་གནས་བབ་མཐོ་སར་བཞག་སྟེ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། རྣམ་གྲངས་གལ་ཆེན་བཀོད་གཏོང་དང་འགན་འཁྲི་གཙང་ལེན་གྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་འགན་འཁྲི་གཙང་ལེན་བྱས་པའི་རྣམ་གྲངས་གལ་ཆེན་25ཡི་འཕེལ་རིམ་བདེ་བླག་བྱུང་བ། ཟླ་1ནས་ཟླ་11བར། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1377བཏང་ཡོད་ཅིང་ལོ་འཁོར་གྱི་དམིགས་ཚད་ཀྱི་96%ལེགས་སྒྲུབ་བྱུང་ཡོད། ལྷ་སའི་སྟོང་ཧྥུའུ་500ཡི་གློག་འདོན་གློག་སྒྱུར་ལས་གྲྭ་བསྐྲུན་འགོ་ཚུགས་ཡོད། G318དང་G219 ཕུ་མདོ་ཆུ་འདྲེན་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། G4218སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་ལམ་དུམ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)སྐྲུན་འགོ་ཚུགས་པ་དང་། འཕྲང་པོ་ཆུ་ཤུགས་གློག་ཁང་སྐྲུན་འགོ་ཚུགས་པ། སྤུ་ཧྲེང་གནམ་ཐང་དང་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་བསྐྲུན་ནས་སྤྱོད་འགོ་ཚུགས་པ། ཤངས་ཆུ་ཆུ་བེད་ལྟེ་གནས་ནས་གློག་གཏོང་འགོ་ཚུགས་པ། འབྲི་ཆུའི་སྟོད་རྒྱུད་དང་བོད་ཤར་ལྷོའི་རྒྱུད་གཉིས་རྒྱལ་ཁབ་ཀྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞིའི་ནང་བཅུག་ཡོད། གསུམ་ནི་རྣམ་གྲངས་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་རྣམ་གྲངས་ཇུས་གཞིའི་དུས་དཀྱིལ་གྱི་ཚོད་སྐོར་བྱས་ཏེ། རྣམ་གྲངས་71ལེགས་སྒྲིག་བྱ་རྒྱུའི་རེ་འདུན་ཞུས་པས་མ་འཇོག་སྒོར་དུང་ཕྱུར་638གསར་སྣོན་བྱུང་ཞིང་། 10.6%འཕར་ཡོད། འབྲེལ་ཡོད་རྣམ་གྲངས་ལ་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱིས་ཞིབ་འཇུག་བྱེད་བཞིན་ཡོད། གྲབས་གསོག་རྒྱལ་བུན་རྣམ་གྲངས་921ཡོད་པར་སྤྱིའི་མ་འཇོག་སྒོར་དུང་ཕྱུར་384.9བྱས་ཡོད།

    (གཉིས) ཐོན་ལས་གོང་འཕེལ་གྱི་གོམས་སྟབས་བརྟན་པོ་བྱུང་བ། “ཐོན་ལས་དང་པོ་ལེགས་སྒྱུར་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ”བཅས་ཀྱི་གོང་འཕེལ་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། ཐོན་ལས་གོང་འཕེལ་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་30བཙུགས་ནས་ཐོན་ལས་སྒྱུར་སྤྲོད་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱ་རྒྱུར་སྤྱད་པ་སྟེ། གཅིག་ནི་རིག་གནས་ཡུལ་སྐོར་ཐོན་ལས་སླར་གསོ་མགྱོགས་པོ་བྱུང་བ། བོད་ཀྱི་རིག་གནས་ཡུལ་སྐོར་བློ་གསར་གླིང་དེ“རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང”དུ་བདམས་ཐོན་བྱུང་བ་དང་། འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ཆེ་གྲས་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་སྒྱུ་རྩལ་གྱི་རྩེར་སོན་མིང་གཞུང་ནང་ཚུད་པ། སྤོ་བོ་རྫོང་དང་མེ་ཏོག་རྫོང་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོའི་ནང་ཚུད་ཡོད། ལོ་བཅུ་ལྷག་ཙམ་སོང་རྗེས་རྒྱལ་མཚམས་སྒྲོལ་ནས་ཡུལ་སྐོར་དུ་བསྐྱོད་རྒྱུ་སླར་གསོ་བྱུང་ཡོད། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་རིག་གནས་ཐོན་ལས་ཀྱི་རིན་ཐང་སྒོར་དུང་ཕྱུར་89ཟིན་ནས་42%འཕར་རྒྱུ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་5500ལ་སྣེ་ལེན་ཞུས་ནས་83.2%འཕར་རྒྱུ། ཡོང་འབབ་སྒོར་དུང་ཕྱུར་650ཟིན་ནས་59.7%འཕར་ཏེ་ཡུལ་སྐོར་བའི་མི་ཐེངས་དང་ཡོང་འབབ་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཐུབ་རྒྱུ་རེད། གཉིས་ནི་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་སོང་བ། ལྗོངས་ཡོངས་ཀྱི་ནུས་རྒྱུའི་ལས་རིགས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་400བཏང་བས་57%འཕར་བ་དང་། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་འཕྲུལ་ཚན་ནས་གློག་འདོན་ཚད་སྟོང་ཝ་ཁྲི་2414ཟིན་པ་དང་། སྔོན་དཔག་བྱས་ན་གློག་འདོན་ཚད་10%ཡས་མས་འཕར་རྒྱུ། གསུམ་ནི་འབྱུང་འཕྲོད་བཟོ་ལས་གོང་འཕེལ་མྱུར་པོ་བྱུང་བ། འབྱུང་འཕྲོད་གཏེར་རི་གཏོད་རྒྱུའི་ཚད་གཞི་བཟོས་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་18%ཡས་མས་འཕར་བ་དང་། འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་43.8%འཕར་བ། འབྱུང་འཕྲོད་བཟོ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་138བཏང་བས་26%ཡན་འཕར་ཡོད། བཞི་ནི་དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་མྱུར་པོ་བྱུང་བ། ཟླ་1ནས་ཟླ་10བར་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་189ཟིན་ནས་28%འཕར་བ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་ཀྱི་ལས་གཉེར་ཡོང་འབབ་63%འཕར་བ་དང་། ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་ཀྱི་ལས་གཉེར་ཡོང་འབབ་9.2%འཕར་ཡོད། ལྔ་ནི་ཞིང་འབྲོག་ལས་ཐོན་སྐྱེད་བརྟན་པོ་བྱུང་བ། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་108ཡན་ཟིན་ཞིང་དེའི་ནང་ནས་ཏུན་ཁྲི་84དང་། སྔོ་ཚལ་ཐོན་འབབ་ཏུན་ཁྲི་95 ཤ་སྒོང་དཀར་ཆུའི་ཐོན་འབབ་ཏུན་ཁྲི་93བཅས་ཟིན་ཡོད། པེ་ཏཱ་ཧོང་ས་རྒོད་གསར་སྦོལ་ཚོགས་པས་མུའུ་ཁྲི་2ཟིན་པའི་བོད་ལྗོངས་ཤུན་འབྲས་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་ཤུན་འབྲས་ཏུན་ཁྲི་1.2གསོག་འཇོག་བྱས་ཤིང་། རྟེན་གཞིའི་འབྲས་གསར་པ་བོད་ཀྱི་ཁྲོམ་རར་མཁོ་འདོན་བྱས་ཡོད། རྒྱལ་ཁབ་རིམ་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་30གསར་སྣོན་བྱས་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་75ཟིན་ནས་25%འཕར་ཡོད། དྲུག་ནི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་རྒྱུན་ཆད་མེད་པར་ཡག་ཏུ་ཕྱིན་པ། ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་གཏོང་ཕྱོགས་ཀྱི་ཚོགས་ཆེན་སྐོང་འཚོགས་བྱས་ཏེ། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་སྨན་ཆས་དང་པོ་སྟེ“ཐེངས་གཅིག་རང་བཞིན་གྱི་གཙགས་བུ”ཁྲོམ་རར་བཏོན་ཞིང་། ཟླ་1ནས་ཟླ་11བར་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་28.6ཟིན་ནས་28%འཕར་ཡོད། བདུན་ནི་མཐོ་གསར་གྲངས་འཛིན་ཐོན་ལས་ལ་སྐུལ་འདེད་གང་མགྱོགས་བཏང་བ། རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་ཚན་རིག་གྲངས་གཞིའི་ལྟེ་གནས་བོད་ལྗོངས་ཡན་ལག་ལྟེ་གནས་དང་ལྷ་སའི་སའི་གོ་ལའི་མ་ལག་གི་ཕྱོགས་མང་དྲ་རྒྱའི་ཞིབ་འཇུག་ལས་སྟེགས་བསྐྲུན་ནས་འཁོར་སྐྱོད་བྱས་པ། “གྲངས་གཞིའི་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་137གྱི་སྲིད་དོན་ཆ་འཕྲིན་མ་ལག་322ཚང་མར་སྤྲིན་རྩིས་ལས་སྟེགས་བསྐྲུན་ཡོད། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་15%ཡན་འཕར་ཡོད། བརྒྱད་ནི་མཐའ་མཚམས་ཀྱི་ཟོག་འགྲེམས་ལས་རིགས་སླར་གསོ་ཆེན་པོ་བྱུང་བ། འགྲམ་དང་། སྐྱིད་གྲོང་། སྤུ་ཧྲེང་བཅས་ཀྱི་འགག་སྒོར་འགྲུལ་པ་དང་དངོས་ཟོག་གཉིས་ཀ་ཤར་གཏོང་བྱ་རྒྱུ་སླར་གསོ་ཐུབ་པ་དང་འགག་སྒོའི་འགག་སྒྲོལ་ནུས་པ་དེ་རིམས་ནད་མ་ཐོན་གོང་གི་ཆུ་ཚད་དུ་སླར་གསོ་ཐུབ་ཡོད། ཀྲུང་ནེ་ལེགས་རྩེ་-གནས་ཆུང་འགག་སྒོ་འཁོར་སྐྱོད་བདེ་བླག་བྱུང་བ། མཐའ་མཚམས་ཚོང་དོན་ས་ཚིགས་15སླར་གསོ་བྱ་རྒྱུའི་ཆོག་མཆན་ཐོབ་པ། ཕྱིར་གཏོང་ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར་100ལས་ཚད་བརྒལ་བྱུང་ཡོད། བོད་ཀྱི་མཁོ་ཚོང་ཚོགས་པ་བདེ་བླག་ངང་བཙུགས་པ། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། དགུ་ནི་ཡོངས་སྤྱོད་མཁའ་འགྲུལ་ཐོན་ལས་ལ་རིམ་ལྡན་སྐུལ་སྤེལ་བཏང་བ། རྒྱབ་སྐྱོར་སྲིད་ཇུས་དང་ཐོན་ལས་གོང་འཕེལ་གྱི་འཆར་འགོད་བཏོན་ནས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་5བཙུགས་པ། ཀྲུང་ཐུའུ་ཚོགས་པ(བོད་ལྗོངས)ཡོངས་སྤྱོད་མཁའ་འགྲུལ་གོང་འཕེལ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་ཡོད། བཅུ་ནི་ས་མཐོའི་ཡང་བའི་བཟོ་ལས་རིམ་ལྡན་གོང་འཕེལ་བྱུང་བ། ས་མཐོའི་ཡང་བའི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་འཆར་འགོད་བཟོ་འདོན་བྱས་པ། མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་ཀྱི་མནའ་འབྲེལ་བཙུགས་པ། རང་བརྟེན་ཞིབ་བཟོ་ཐོན་སྐྱེད་བྱས་པའི“གངས་ལྷ་མེ་ཏོག”དང“སྐལ་བཟང་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ཐབ་ཆས་ཉོ་སྒྲུབ་དང་ཕྱིར་ཚོང་གཉིས་ཀ་ཡག་པོ་བྱུང་ཞིང་། ཐབ་ཆས་ཁྲི་67བཙོངས་ཟིན། “བོད་ཀྱི་ཆུ་བཟང”གི་འཛད་སྤྱོད་པ་དང་ཐག་ཉེ་ཤོས་ཀྱི་ལྗོངས་ཕྱིའི་མཛོད་ཁང་བཙུགས་པ་དང་། ནུང་ཧྥུའུ་ཧྲན་གཏེར་ཆུ་རྟགས་ཅན་གྱི་རང་བྱུང་འཐུང་ཆུའི་རྣམ་གྲངས་ཉིང་ཁྲིར་དོན་འཁྱོལ་བྱུང་ཡོད།

    (གསུམ) གཙོ་རྒྱུའི་འགན་སྲུང་བརྟན་ཞིང་ནུས་པ་ལྡན་པ། སྲིད་ཇུས་ལེགས་སུ་གཏོང་བ་དང་། མཁོ་སྤྲོད་ཤུགས་ཆེར་གཏོང་བ། མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་ཧུར་ཐག་བྱས་ཏེ། ནུས་ལྡན་གྱི་གཙོ་རྒྱུར་བརྟེན་ནས་སྲ་ཞིང་བརྟན་པའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ནང་འདྲེན་ཡར་འཕེལ་གྱི་སྒུལ་ནུས་གཅིག་སྡུད་བྱས་པ་སྟེ། གཅིག་ནི་ནུས་རྒྱུའི་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། ཟླ་1ནས་ཟླ་11བར་ལྗོངས་ཡོངས་ཀྱི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་168.2དང་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་120.3 ཕྱི་ལ་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་65.2བཅས་ཟིན་པ(སོལ་བ་ལུང་ཚུད) དེ་42.6%དང་། 13.3% 189.2%བཅས་སོ་སོར་འཕར་ཡོད། བཅོས་སྣུམ་དང་། རྡོ་སྣུམ་གཤེར་འགྱུར་སོལ་རླངས། རང་བྱུང་སོལ་རླངས་མཁོ་ཚོང་བཅས་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། གཉིས་ནི་དངུལ་རྩའི་ཐད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་གནད་འཁེལ་བྱས་ནས་དངོས་གཞིའི་དཔལ་འབྱོར་གྱི་ཡིད་རྟོན་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་བརྟན་འཁྱོངས་བྱུང་ཡོད། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་6438.8དང་སྒོར་དུང་ཕྱུར་6034.2ཟིན་ནས་-0.5%དང་12.3%སོ་སོར་འཕར་ཡོད། གསུམ་ནི་ས་ཆ་སྤྱོད་པར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། རྣམ་གྲངས་གལ་ཆེན་གྱི་ས་ཆ་སྤྱོད་པར་ཞིབ་བཤེར་བྱེད་པའི“ཤར་གཏོང་བགྲོད་ལམ”གསར་གཏོད་བྱས་ཤིང་། ས་ཆ་སྤྱོད་པར་མཉམ་དུ་ཞིབ་བཤེར་དང་མཉམ་དུ་ཆོག་མཆན་སྤྲོད་ཐབས་ཁྱབ་སྤེལ་བཏང་སྟེ་འཆར་གཞིའི་དམིགས་ཚད་བཀོད་སྒྲིག་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཆར་གཞིའི་དམིགས་ཚད་སྤྱི་ཆིང་4240.03བཀོད་སྒྲིག་བྱས་ཡོད། བཞི་ནི་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། སྔོན་དཔག་བྱས་ན་གཞུང་ལམ་དང་། ལྕགས་ལམ་གྱི་འགྲུལ་སྐྱེལ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་མི་སྤྱི་ལེ་དུང་ཕྱུར་40དང་ཏུན་སྤྱི་ལེ་དུང་ཕྱུར་164ཟིན་པ་དེ་85%དང་26%སོ་སོར་འཕར་རྒྱུ། མཁའ་འགྲུལ་དངོས་ཟོག་འདོན་འཇུག་བྱེད་ཚད་མི་ཐེངས་ཁྲི་639.4དང་ཏུན་ཁྲི་4.3ཟིན་པ་དེ་41%དང་102%སོ་སོར་འཕར་རྒྱུ། ལྔ་ནི་བདེ་འཇགས་བརྟན་ལྷིང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་ཁག་གཟབ་ནན་དང་། ཞིབ་ཚགས། དོན་དངོས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་པས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་བདེ་འཇགས་དང་བརྟན་ལྷིང་ལྡན་པའི་ཆབ་སྲིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཡོད།

    (བཞི) འཛད་སྤྱོད་དཔལ་འབྱོར་སླར་གསོ་བརྟན་པོ་བྱུང་བ། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་འགའ་དང་། མཚན་མོའི་དཔལ་འབྱོར་དང་གུང་གསེང་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཏོན་པ། “བདེ་སྐྱིད་ལྡན་པའི་བོད་ལྗོངས་·ཡོངས་སུ་མོས་པའི་འཛད་སྤྱོད”ཅེས་པའི་འཛད་སྤྱོད་མཐོར་འདེགས་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ། རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.79དོན་འཁྱོལ་བྱས་པ་དང་། ཐད་ཀར་འཛད་སྤྱོད་སྒོར་དུང་ཕྱུར་29སྐུལ་འཐེན་བྱས་པ། ཕྱོགས་བསྡུས་འགྱོགས་མདའི་ནུས་པ་ལྡབ་11ཟིན་ཡོད། བོད་ཀྱི་བཟའ་བཏུང་ལས་རིགས་ཀྱི་འབྲེལ་ཡོད་ས་གནས་ཀྱི་ཚད་གཞི་སྟེ། 《འབྱུང་འཕྲོད་བཟའ་བཏུང་ཁེ་ལས་ཀྱི་གདེང་འཇོག་ཚད་གཞི》ཐོག་མ་འདི་བཟོས་པ་དང་། ཀྲུང་ཧྭའི་ཟས་མཆོག·བོད་ཀྱི་བྲོ་ལྡན“ཞིམ་ཟས་ཀྱི་བྲོ་བ་གསར་པ”རྒྱུན་འཛིན་དང་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་བདེ་བླག་ངང་གཉེར་བ། རིགས་ཁག་གི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཚོང་འདུས་ཐོག་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་11ཟིན་ཡོད། བོད་ལྗོངས(ལྷ་ས)རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་གཉེར་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་གཏོང་བའི་བྱེད་སྒོར་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་1.9ཟིན་ཡོད། “བོད་ཀྱི་ཚོང་རྟགས་རྙིང་པ”12ངོས་གཏན་བྱས་ནས་སྒོ་བྱང་བཀལ་བ་དང་། ཚོང་རྟགས་2ལ“ཀྲུང་ཧྭའི་ཚོང་རྟགས་རྙིང་པའི”མཚན་སྙན་ཐོབ་ནས་སྔར་བྱུང་མྱོང་མེད་པའི་ཚད་བརྒལ་བྱུང་ཡོད།

    (ལྔ) དམངས་འཚོའི་བྱ་བ་དངོས་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ། མ་དངུལ་སྒོར་དུང་ཕྱུར་132.8དོན་འཁྱོལ་བྱས་ནས་དམངས་འཚོའི་བྱ་བ་དངོས་21ཚང་མ་དོན་འཁྱོལ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་བ་སྟེ། གཅིག་ནི་ལས་ཞུགས་ཀྱི་དམིགས་བཀར་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་འགའ་བཏོན་པ། ལྗོངས་ནང་ཁུལ་གྱི་མཐོ་སློབ་གྱི་ལོ་འདི་གར་ཐོན་པའི་སློབ་མ་ཁྲི་3.2ལས་ཞུགས་ཐུབ་ཅིང་ལས་ཞུགས་ཐུབ་ཚད་95.8%ཟིན་པ་དང་། ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་བསྡུར་ཚད་11%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.1མང་དུ་སོང་བ་དང་། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་སྐབས་བསྟུན་གཙང་བཟོ་བྱས་ཡོད། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ནང་ཞིང་འབྲོག་པ་མི་ཁྲི་40ལས་ཞུགས་ཐུབ་པ་དང་ཞིང་འབྲོག་པར་སྦྱོང་བརྡར་སྤྲད་པ་མི་ཁྲི་10ལས་བརྒལ་ཡོད། ཞིང་འབྲོག་མང་ཚོགས་མི་ཁྲི་64.7གནས་སྒྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་65.6ཟིན་ཡོད། གཉིས་ནི་སློབ་གསོ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ། “འགན་ལེན་གསུམ”གྱི་མ་དངུལ་སྒོར་དུང་ཕྱུར་36.5དོན་འཁྱོལ་བྱས་ནས་སློབ་མ་རེའི་ལོ་རེའི་ཆ་སྙོམས་ཚད་གཞི་སྒོར་5530ཟིན་ཡོད། ས་བབ་མཐོ་བའི་སློབ་གྲྭ་1682ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལེགས་གྲུབ་བྱུང་བ། ལྗོངས་ཕྱིའི་བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་བའི་འཆར་གཞིའི་ཁྲོད་ཀྱི་མིང་གྲངས་605མང་དུ་བཏང་བ། ཐབས་ལམ་སྣ་ཚོགས་བརྒྱུད་ནས་སློབ་མཚམས་ཁག་གི་དགེ་རྒན་1900ལྷག་ཙམ་ཁ་གསབ་བྱས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་སྤྱི་དང་དགེ་རྒན་མི་ཐེངས་ཁྲི་3ལ་ཉེ་བ་གསོ་སྦྱོང་བྱས་ཡོད། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་ཐོན་བྱུང་ཡོད། གསུམ་ནི་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་། སྨན་བཅོས་ཐུན་མོང་ཚོགས་པ། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། ཤང་དང་གྲོང་རྡལ་ཡན་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིར་རྒྱང་ཁྲིད་སྨན་བཅོས་ཞབས་ཞུ་ཁྱབ་ཐུབ་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་རྒྱ་སྐྱེད་རིམ་སྤར་བྱས་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་110བར་མཐོ་རུ་བཏང་ནས་ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད་སོགས་སྐྱོབ་བཅོས་རོགས་སྐྱོབ་རྒྱུན་གཏན་ཅན་དུ་གྱུར་ཡོད། བཞི་ནི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། རྒན་གསོ་དང་། ལས་རྨས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་མི་ཐེངས་ཁྲི་338ཟིན་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་ནས་རིམ་བཞིན་མི་སྣ་ཡོངས་ལ་ཁྱབ་པར་གྱུར་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་96%ཡན་དུ་བརྟན་འཁྱོངས་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་མ་དངུལ་མི་རེར་ཟླ་རེར་སྒོར་235བར་མཐོ་རུ་བཏང་བས་མང་ཚོགས་ཁྲི་28.8ལ་ཕན་པ་ཐོབ་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་སྔོན་ལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱ་རྒྱུ་མངོན་འགྱུར་བྱུང་བ། སྤྱི་ཚོགས་འགན་སྲུང་གཱ་ཡི“ཁྲོན་བོད་གཅིག་འཐུས་གཱ”ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་སོགས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད། དམངས་སྲིད་རོགས་སྐྱོབ་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་8.1དོན་འཁྱོལ་བྱས་པ། དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ལ་སྒོར་དུང་ཕྱུར་1.3བཏང་བ་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་དང་དམིགས་བསལ་དཀའ་ངལ་ཡོད་པས་འདོད་མོས་བཞིན་དུ་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་100%རྒྱུན་འཁྱོངས་ཐུབ་ཡོད། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་40འཛུགས་སྐྲུན་དང་དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་འཚོ་སྐྱོང་ལྟེ་གནས་24སྤུས་ཚད་མཐོ་རུ་གཏོང་བའི་བསྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཤིང་། རྫོང་དང་། ཤང་། གྲོང་ཚོ་བཅས་སྦྲེལ་མཐུད་ཐོགས་པ་མེད་པའི་གྲོང་གསེབ་ཀྱི་ཞབས་ཞུའི་དྲ་རྒྱ་སྐྲུན་མགྱོགས་སུ་བཏང་བ། ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་སྒོར་1850ནས་སྒོར་2100བར་མཐོ་རུ་བཏང་ཡོད། ལྔ་ནི་རིག་གནས་དམངས་ཕན་གྱི་བྱེད་སྒོ་ལག་བསྟར་བྱས་པ། སྤུས་ཚད་མཐོ་བའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་1000ལྷག་ཙམ་གསར་གཏོད་བྱས་པ་དང་། དྲ་ཐོག་དང་དྲ་མིན་གྱི་ཐོག་ནས་རིགས་ཁག་གི་རིག་གནས་དམངས་ཕན་བྱེད་སྒོ་ཐེངས་ཁྲི་10ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་ཁྲི་1900ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གསར་དུ་བརྩམས་པའི་ལྷ་མོའི་འཁྲབ་གཞུང་ལ་ཀྲུང་གོའི་ཟློས་གར་དུས་ཆེན་གྱི་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་ཐོབ་པ་དང་། བོད་ལྗོངས་མཛེས་རྩལ་ཁང་བེད་སྤྱོད་གཏོང་འགོ་ཚུགས་པ། རིག་གནས་ཀྱི་ས་ཆའི་མཚོན་རྟགས་གསར་པའི་བོད་ལྗོངས་ཟློས་གར་ཁང་ཆེ་མོ་བདེ་བླག་ངང་ལས་མཇུག་བསྒྲིལ་ནས་སྤྱོད་འགོ་ཚུགས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དགོན་སྡེར་ཁྱབ་གདལ་གཏོང་བར་ཚད་བརྒལ་གསར་པ་བྱུང་བ་དང་། གངས་ལྗོངས་ཀྱི་ཧྲག་བསྡུས་རིག་རྩལ་ཚོགས་པ་རྒྱལ་ཡོངས་ཀྱི་སྤྱི་པའི་རིག་གནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་མཚོན་ནང་ཚུད་པ། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་བདེ་བླག་ངང་སྤེལ་བ། ལྗོངས་ཡོངས་ཀྱི་ལུས་རྩལ་པར་གལ་ཆེའི་འགྲན་བསྡུར་ཁྲོད་གཟེངས་རྟགས་109ཐོབ་པ་བཅས་རེད།

    (དྲུག) སྒྱུར་བཅོས་སྒོ་དབྱེའི་གསོན་ཤུགས་རིམ་བཞིན་མངོན་པ། སྒྱུར་བཅོས་བྱེད་ཐབས་ལ་བརྟེན་ནས་མདུན་སྐྱོད་བྱེད་པའི་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པ་སྟེ། གཅིག་ནི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་རང་ལྗོངས་ཀྱི་སྒྱུར་བཅོས་དང་འབྲེལ་བའི་དོན་གནད་ཁག་139འགན་ལེན་གནད་འཕིགས་བྱས་པས་ལམ་ལུགས་ཀྱི་གྲུབ་འབྲས་ཁག་30གྲུབ་ཡོད། ཉིང་ཁྲིས་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་གྱིས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོར་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཉིང་ཁྲིར་སྒྱུར་བཅོས་གོང་འཕེལ་གྱི་རང་བདག་དབང་ཆ་གང་ཆེ་སྤྲད་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་ལས་འགན་གཙོ་བོ་གཞི་རྩའི་ཆར་ལེགས་གྲུབ་བྱུང་ཞིང་། བོད་དུ་ཐོ་འགོད་བྱས་པའི་ཀྲུང་དབྱང་ཁེ་ལས་ཐོག་མ་དེ་སྒོ་བྱང་བཀལ་ནས་བཙུགས་པ་དང་བོད་ལྗོངས་མཁའ་འགྲུལ་མ་འཇོག་བསྐྱར་སྒྲིག་ཇེ་མགྱོགས་སུ་བཏང་ཡོད། ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི“ཕུལ་བྱུང་གསུམ”གྱི་ཁེ་ལས་ལ་རིམ་རྩིས་བྱས་ན་ཁེ་སྤོགས་63%འཕར་ཡོད། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཡོན་ཧྲིའི་ལས་སྒྲུབ་ས་ཚིགས་དང་། གཙོ་གནད་ཚོད་ལྟ་ཁང་། ལག་རྩལ་གསར་གཏོད་ལྟེ་གནས། ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས། ཕྱི་རོལ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་ལས་གྲུབ་པའི་གསར་གཏོད་མ་ལག་ཐོག་མའི་ཆར་བཙུགས་ཡོད། ནུས་ཤུགས་ཡོད་རྒུས་ཆབ་མདོ་དང་མངའ་རིས་ཀྱི་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་བྱས་ཏེ་ཆབ་མདོ་དང་མངའ་རིས་ཀྱི་བཅོས་སྣུམ་རིན་གོང་དེ་ལྷ་སའི་ཁུལ་གྱི་རིན་ཁྱད་དང་བསྡུར་ན་80%དང་72%སོ་སོར་ཆག་པ་དང་། གྲོང་མི་དང་བཟོ་ཚོང་ལས་རིགས་ཀྱི་དུད་འབྱོར་གློག་རིན་13%དང་14%སོ་སོར་བཅག་ཡོད། མཐའ་མཚམས་ཤང་དང་གྲོང་རྡལ་གྱི་གློག་རིན་ཕྱེད་ཀ་བཅག་པ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་མིང་གཞུང་གི་གློག་རིན་མཐོ་ཤོས་དེ་64%བཅག་པས། སྔོན་དཔག་བྱས་ན་ལོ་ལྟར་གློག་སྤྱོད་མ་གནས་སྒོར་དུང་ཕྱུར་5ཆག་རྒྱུ་རེད། གཏེར་ལས་དབང་ཆར་ཕྱོགས་ཡོངས་ནས་གཙང་བཤེར་བཅོས་སྒྲིག་བྱས་ཏེ་གཏེར་ལས་དབང་ཆ་ཁག་217ཁྲིམས་ལྟར་ཕྱིར་བསྡུ་བྱས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བཅས་ཀྱི་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་ལ་རིམ་རྩིས་བྱས་ན་ཐོ་འགོད་ལག་ཁྱེར་སྤྲད་པ་ཁྲི་52ཟིན་ནས་ལག་ཁྱེར་སྤྲོད་ཚད་100%ཟིན་ཡོད། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་ཕྲན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་བུ་ལོན་གྱི་ཉེན་ཁ་སེལ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། གཉིས་ནི་གོང་འཕེལ་གྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱས་པ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་སོགས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་རྟོགས་ངང་སྦྲེལ་མཐུད་བྱས་ཏེ། ཁྲུང་ཆིང་དང་། མཚོ་སྔོན། ཤིན་ཅང་། དེ་བཞིན་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་བཅས་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཡོད། འགྲམ(འགག་སྒོ)འཛུགས་སྐྲུན་བྱེད་པའི་སྤྱིའི་ལག་བསྟར་ཇུས་གཞི་བཟོས་པ། སྒོ་དབྱེའི་ས་ཁོངས་རྒྱ་ཆེར་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཡོད། “ཧི་མ་ལ་ཡ་བསྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་གཉེར་བར་ཕྱི་རྒྱལ་གྱི་འགོ་ཁྲིད་10དང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་40ལྷག་ཙམ། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་280ལྷག་ཙམ་བཅས་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།