དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

    ​—— 2024ལོའི་ཟླ་1ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-24

    (བདུན) ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ“ལས་གྲྭ་ཨང་དང་པོར”བརྩིས་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་རང་བཞིན་གྱི་འགོག་རྐྱེན་སེལ་བ་དང་། ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱས་ཏེ། རིགས་ཁག་གི་ཁྲོམ་རའི་བྱེད་པོས་མ་འཇོག་བྱས་ནས་བྱ་གཞག་དར་འཕེལ་གཏོང་བར་བརྟན་ལྷིང་དང་། དྲང་སྙོམས། དྭངས་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་སྟེ། གཅིག་ནི་ཚོང་དར་ཚོང་ཕྱུག་གི་ཁྲིམས་སྐྱོང་ཁོར་ཡུག་བཏོད་པ། ཚད་གཞི་མཐོ་བའི་སྒོ་ནས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ལས་དོན་ཚོགས་འདུ་དང་། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཚོགས་ཆེན་སྐོང་ཚོགས་བྱས་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་རྒྱབ་སྐྱོར་སྲིད་ཇུས་བཏོན་པ་དང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག》བཟོས་ཡོད། ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང་བསྡོམས་གྲངས་ཁྲི་49ཟིན་ནས་13%འཕར་བ་དང་། དམངས་ཁྲོད་དུ་མ་འཇོག་བྱེད་གྲངས་14.8%འཕར་ཡོད། རང་སྐྱོང་ལྗོངས་ཀྱི་ཁང་པའི་ཨར་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་ཨར་ལས་ཀྱི་འོས་སྐུལ་འོས་དཔོད་དོ་དམ་བྱ་ཐབས་བཟོས་ཏེ། འོས་སྐུལ་འོས་དཔོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ལོ་རྒྱུས་ཐོག་ལུས་པའི་ཁག་ཐེག་མ་དངུལ་སྒོར་ཁྲི་2700ལ་ཉེ་བ་གཙང་བཤེར་ཕྱིར་སློག་བྱས་ཡོད། ལས་གྲྭ་འཛུགས་སྐྲུན་དང་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ལ་ངོ་ཐུག་མི་བྱེད་པར་འོས་སྐུལ་བྱེད་པ་དང་། ལྗོངས་ནང་ཁུལ་གྱི་ས་ཆ་གཞན་ནས་རྒྱང་ཁྲིད་དཔྱད་འདེམས་ཞིབ་དཔྱད་བྱ་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་ཡོད། གཉིས་ནི་ཚོང་པར་སྟབས་བདེ་དང་ཕན་པ་བསྐྲུན་པའི་སྲིད་དོན་ཁོར་ཡུག་བཏོད་པ། “ཆེས་བཞི”ཡི་དམིགས་ཚད་ལས་དོན་སྤེལ་ཏེ། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་གནད་ཀྱི་གྲངས་འབོར་347ནས་185བར་ཉུང་དུ་བཏང་བས་ཕྱེད་ཀ་ཙམ་ཉུང་དུ་སོང་ཡོད། བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་གནད་113གཉེར་བ་དེས་61%བཟུང་ཡོད། ཁེ་ལས་ཁྲོམ་འགྲེམས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་བསྟར་བྱས་ནས་ཐད་ཀར་མ་དངུལ་སྒོར་དུང་ཕྱུར་135བསྡུ་རྒྱུག་བྱས་ཡོད། ཁེ་ལས་འབྲིང་ཆུང་གི་རྩིས་ཐོ་དུས་འགྱངས་ཆད་ལུས་བྱས་གྲངས་སྒོར་དུང་ཕྱུར་46གཙང་བཤེར་བྱས་པ། ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རྒྱུག་ཞབས་ཞུའི་ལས་སྟེགས་སྤྱོད་འགོ་ཚུགས་ཡོད། གསུམ་ནི་ཚོང་གཅེས་ཚོང་སྡུད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་པ། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་དང་ཡོངས་སྤྱོད་མཁའ་འགྲུལ་ཐོན་ལས་འཁོར་འབྲེལ་གྱི་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་འོས་སྦྱོར་ཚོགས་འདུ་སོགས་འཚོགས་ནས་བོད་སྐྱོར་གྱི་གཉིས་འདྲེན་གཉིས་འགུགས་སྤུས་རྟགས་བཏོད་དེ་ཚོང་དང་མ་རྩ་འདྲེན་འགུགས་དང་དམངས་ཁྲོད་ཀྱི་མ་འཇོག་བྱེད་པར་སྔར་བས་སྐུལ་འདེད་བཏང་ཡོད། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་མ་དངུལ་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར་500ཡི་ལོ་འཁོར་འཆར་གཞི་ལས་བརྒལ་ཡོད། ཁྲལ་རིན་གཉིས་གཅོག་གི་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་ནན་པོ་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་པ་དང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་ཁྲལ་འགྱངས་སྒོར་དུང་ཕྱུར་46.2གཉེར་སྒྲུབ་བྱས་ཡོད།

    (བརྒྱད) གྲོང་གསེབ་དར་རྒྱས་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ། “སྟོང་ཁྲི་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་ས་མཐོའི་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱས་པ་སྟེ། གཅིག་ནི་སྲིད་ཇུས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ཤང་དང་གྲོང་རྡལ་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཀྱི་བྱེད་ཐབས་འགའ་ཞིག་དང་། ཡུལ་སྤོས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལག་བསྟར་ཇུས་གཞི་བཟོ་འབེབས་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་123དོན་འཁྱོལ་བྱས་ཡོད། དབུལ་ལོག་ཐེབས་པར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱེད་ཁྱོན་དེ་མི་རེའི་ཆ་སྙོམས་འབབ་སྨར་སྒོར་7000མན་གྱི་མི་ཚོགས་སུ་རྒྱ་སྐྱེད་བཏང་སྟེ། ཉེན་ཁ་ཡོད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་6362ཀྱི་མི་གྲངས་27557གཙང་སེལ་བྱས་པ། སྔོན་དཔག་བྱས་ན་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་ཁྲི་1.5ཡན་ཟིན་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་སྲུང་ཐུབ་རྒྱུ་རེད། གཉིས་ནི་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་220འཛུགས་སྐྲུན་བྱས་ཤིང་། མི་ཕྱུགས་ལོགས་དབྱེ་དུད་ཚང་ཁྲི་7.7དང་དུད་ཚང་ཁྲི་4ཡི་གསང་སྤྱོད་བསྒྱུར་བཀོད་བྱས་པས་ཚང་མ་ལོ་འཁོར་གྱི་འཆར་གཞི་ལས་ཚད་བརྒལ་བྱུང་ཡོད། གྲོང་ཚོ(གྲོང་ལྷན)1308དུ་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་སྤེལ་བ། སྨན་གླིང་གྲོང་ཁྱེར་ལ་2023ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ། གསུམ་ནི་གྲོང་གསེབ་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་བཏང་བ། རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་430གསར་སྦོལ་བྱས་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་རྨོ་ཞིང་རྒྱ་ཁྱོན་གྱི་65%བཟུང་ཡོད། མ་དངུལ་སྒོར་དུང་ཕྱུར་11སྒྲིལ་བཅོས་བྱས་ནས་ཐོན་ལས་རིམ་སྤོར་གྱི་རྣམ་གྲངས་178ལག་བསྟར་བྱས་ཡོད། བྲག་ཡིབ་ཆུད་དེ་རྒྱལ་ཡོངས་ཀྱི་རྫོང་ཁོངས་གྲོང་གསེབ་དར་རྒྱས་གཏོང་བའི་སྐུལ་ལྕག་གཏོང་ཡུལ་དུ་གྱུར་ཡོད། ལྗོངས་ཡོངས་ཀྱི་ཁེ་ལས་450གྲོང་གསེབ་དར་རྒྱས་ལས་དོན་ནང་ཞུགས་ཡོད་པ་བཅས་རེད།

    (དགུ) ཁུལ་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་བར་གོམ་སྟབས་བརྟན་པོ་སྤོས་པ། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལ་གཞི་ཚུགས་ཏེ་བྱེད་པོའི་ནུས་པ་མངོན་གསལ་དོད་པ་དང་། ལེགས་ཆ་གསབ་རེས། སྤུས་ཚད་མཐོ་བའི་གོང་འཕེལ་བཅས་ཀྱི“ལྟེ་གཅིག འཁོར་གཅིག རྒྱུད་གཉིས། ཁུལ་གསུམ”གྱི་ས་ཁོངས་གོང་འཕེལ་གྱི་རྣམ་པ་གསར་པ་བཏོད་པ་སྟེ། གཅིག་ནི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་བར་ཤུགས་སྣོན་བརྒྱབ་པ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ”གྱི་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་བྱེད་ཟབ་ཏུ་བཏང་བ་དང་། “ལྟེ་གནས་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་བྱས་ཏེ་ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་དེང་རབས་འཁོར་རྒྱུག་འཐབ་ཇུས་འདེགས་སྐྱོར་ཁུལ་གྱི་གྲོང་ཁྱེར་འཆར་འགོད་ནང་བཅུག་པ་དང་རྒྱལ་ཡོངས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དུ་རེ་འདུན་ཞུ་ཐུབ་པ་བྱུང་ཡོད། གཞིས་རྩེས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་སྤྱི་འབོར་གྱིས་ལྗོངས་ཡོངས་ཀྱི་50%ཡན་བཟུང་ཡོད། མཐའ་མཚམས་ལམ་རྒྱུད་ཀྱི་གོང་འཕེལ་ས་རྒྱུད་དང་། ལྕགས་ལམ་དཔལ་འབྱོར་ས་རྒྱུད་རྒྱུན་མཐུད་སྐྱེད་སྲིང་བྱེད་ཟབ་ཏུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཚང་སྒྲིག(དུད་ཚང)ཁྲི་2.19འཛུགས་སྐྲུན་བྱས་པ་དང་། རྙིང་གོག་སྡེ་ཁུལ་ཆུང་གྲས་བསྒྱུར་བཀོད་རྣམ་གྲངས་ཁག་65ལག་བསྟར་བྱས་པ། སྔོན་དཔག་བྱས་ན་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་38%ཡན་ཟིན་རྒྱུ་རེད། གཉིས་ནི་རྫོང་ཁོངས་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་བར་ཤུགས་སྣོན་བརྒྱབ་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་ཁོངས་ས་ཆའི་བར་སྟོང་འཆར་འགོད་བཟོ་སྒྲིག་བྱས་པ། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་ནས་ཞིང་འབྲོག་ཁུལ་གྱི་ཚོང་ལས་དྲ་རྒྱ་གཞི་རྩའི་ཆ་ནས་གྲུབ་པ་དང་། འཁོར་རྒྱུག་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ། རྫོང་ཁོངས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། ཞིང་ལས་སྟོབས་ཆེའི་རྫོང་དང་། འབྲོག་ལས་སྟོབས་ཆེའི་རྫོང་། ཡུལ་སྐོར་གྲགས་ཅན་རྫོང་བཅས་བསྐྲུན་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་དངོས་ཤུགས་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད།

    (བཅུ) མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་འཕེལ་རིམ་ཡག་པོ་བྱུང་བ། “ལས་གྲྭ་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལག་བསྟར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་ལྟེ་གནས་སྒོ་བྱང་བཀལ་ཏེ་བཙུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཡོད། ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)7གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་གནས(གྲོང་ཁྱེར)འཛུགས་གཏོད་བྱས་ཡོད། མི་རིགས་ཀྱི་དམིགས་བསལ་དགོས་མཁོའི་ཚོང་ཟོག་དམིགས་འཛུགས་ཐོན་སྐྱེད་ཁེ་ལས་གོང་འཕེལ་གཏོང་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས་སྐྱེད་གསབ་སྒོར་ཁྲི་99.8སྤྲད་ཡོད། ཧྥུའུ་ཉུང་བའི་བདེ་ཐང་ཇ་ཁྱབ་གདལ་གཏོང་རྒྱུ་རྒྱུན་མཐུད་སྤེལ་ཏེ། བདེ་ཐང་འཐུང་ཇ་ཏུན་3377དོན་འཁྱོལ་བྱས་པས་ཡོང་འབབ་དམའ་བའི་མི་ཚོགས་ཁྲི་68ལ་ཕན་པ་ཐོབ་ཡོད། ཡུན་ནན་དང་། སི་ཁྲོན། ཁྲུང་ཆིང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)6གི་འབྲེལ་ཡོད་སྡེ་ཚན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་འབྲི་ཆུའི་སྟོད་རྒྱུད་ཀྱི་དཔེ་སྟོན་ཁུལ་གྱི་མཉམ་ལས་གྲོས་མཐུན་བཞག་ཡོད།

    (བཅུ་གཅིག) སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཇེ་མགྱོགས་སུ་བཏང་བ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་བརྒྱབ་པ་སྟེ། གཅིག་ནི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་སྤེལ་ནས་ནགས་ཚལ་མུའུ་ཁྲི་120འདེབས་འཛུགས་བྱས་པའི་ནང་ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭའི་མུའུ་ཁྲི་24ཚུད་ཡོད། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་614ཉམས་གསོ་བཅོས་སྐྱོང་བྱས་ཡོད། “གནམ་ལྕགས་འབར་བ—བོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས”སྐབས་དང་པོ་བདེ་བླག་ངང་འཚོགས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་4དང་། རྒྱལ་ཁབ་ཀྱི“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་2 རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་1 རྒྱལ་ཁབ་ཀྱི་གལ་ཆེའི་འདམ་ར་3བཅས་གསར་སྣོན་བྱས་པ། ས་གནས་དང་གྲོང་ཁྱེར་བདུན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་བྱེད་ཚད་100%ཡི་དམིགས་ཚད་དེ་ལོ་གཉིས་ཀྱི་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ཁུལ་ཡོངས་འཛུགས་གཏོད་ཀྱི་ཚད་གཞི་ལོན་པའི་ཞིང་ཆེན་གཅིག་པུ་དེར་གྱུར་ཡོད། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྐོང་འཚོགས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་གོང་འཕེལ་གཏོང་བའི་བྱེད་ཐབས་འགའ་བཟོ་འབེབས་བྱས་པ་དང་། རྒྱལ་ཡོངས་ཀྱི་འཁྱགས་རོམ་སྲུང་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་ས་གནས་ཀྱི་ཁྲིམས་བཟོའི་ལས་དོན་ཐོག་མ་སྤེལ་བ། ཐཱན་ཚད་མཐོ་ཤོས་དང་ཐཱན་སྙོམས“1+N”སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་བཙུགས་ཟིན། མངའ་རིས་ས་གནས་སུ་བོད་ཀྱི་རྩྭ་ཐང་ཐཱན་འདུས་ཉོ་ཚོང་ཐོག་མ་དེ་བྱས་ཡོད། ཆུ་བོ་དང་མཚེའུ་ཡི“གང་བྱུང་བཞི་གཙང་སེལ”བྱས་ཏེ། ཆུ་རྒྱུད་གཙོ་བོ་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ་བྱུང་ཞིང་། རྫོང་རིམ་ཡན་གྱི་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད་86%ཡན་ཟིན་པ། རྫོང་རིམ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་98%ཡན་ཟིན་པ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཉིན་གྲངས་བསྡུར་ཚད་99%ཡན་ཟིན་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་བཅོས་སྒྲིག་ལས་འགན་ཁག་43དུས་རིམ་བཞིན་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ་དང“ལྗང་ཕུབ”ཀྱི་གནད་དོན་བཅོས་སྒྲིག་ལེགས་གྲུབ་ཐུབ་ཚད་95%ཡན་ཟིན་ཡོད།

    (བཅུ་གཉིས) མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། “མཐའ་མཚམས་བརྟན་དུ་གཏོང་བའི་འཇོན་ནུས་ཡོད་པ་དང་། མཐའ་མཚམས་དར་རྒྱས་ཡོང་བར་འདེགས་སྐྱོར་ཐུབ་པ། མི་དམངས་ཕྱུག་འགྱུར་ཡོང་བའི་བྱ་ཐབས་ཡོད་པ”བཅས་དམིགས་ཚད་དུ་བཟུང་སྟེ། མཐའ་མཚམས་ས་ཁུལ་དེ་ཉིད་དཔལ་འབྱོར་འཕར་སྣོན་ཁུལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འཛུགས་གཏོད་བྱས་ནས་མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁོངས་ས་ཆ་བརྟན་སྲུང་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཡོད། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ། མཐའ་མཚམས་རྫོང་དང་ཤང་གི་སློབ་གྲྭ་དང་སྨན་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་མངོན་གསལ་འདོད་པོ་བཏང་ཡོད། མཐའ་མཚམས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མིའི་ཡོང་འབབ་འཕར་སྣོན་ཡོང་བའི་ཆེད་དོན་བྱེད་སྒོ་སྤེལ་ཏེ། མཐའ་མིའི་ཡོང་འབབ་འཕར་སྣོན་བརྟན་པོ་བྱུང་ཡོད། སྨན་གླིང་དང་མཚོ་སྣ་རྫོང་གཉིས་ཀྱི་རྫོང་བསྒྱུར་གྲོང་འཛུགས་ཀྱི་རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། རྒྱལ་ཁབ་ཀྱི་པུའུ་ཨུད་21གིས་མཐའ་མཚམས་རྫོང(གྲོང་ཁྱེར)21ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད།

    (བཅུ་གསུམ) བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་བྱུང་བ། ཚབས་ཆེའི་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་རྩད་བཤེར་དང་དག་ཐེར་ཡོ་བསྲང་བྱེད་པའི་2023ལོའི་བྱ་སྤྱོད་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི“འབོར་འཕྲི་ཆེ་འགོག”ཅེས་པའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི“ཚགས་མ་རྒྱག་པའི”བྱ་སྤྱོད་ལེགས་གྲུབ་བྱུང་ནས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོས་ཡོད། “འཕྲལ་སྡོམ་འགན་འཁྲི་·བོད་ལྗོངས་2023”ཞེས་པའི་ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་ནང་སྦྱོང་བྱས་ཏེ། འཕྲལ་སྡོམ་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ས་ཁོངས་བརྒལ་ནས་རོགས་སྐྱོབ་བྱེད་པའི་ལས་འགན་ནང་ཞུགས་ཐུབ་པ་བྱུང་ཡོད། ཟླ་1ནས་ཟླ་11བར་ལྗོངས་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཁག་68ཐོན་པ་དང་མི་77རྐྱེན་ལམ་དུ་ཤོར་བ། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྤྱིར་ན་བརྟན་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།