དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲུའུ་གོ་ཆང་། ལི་ཧྭ། ཁྲེན་ཧྲང་ཚའེ།   |     སྤེལ་དུས།  2025-06-24

    “སའི་གོ་ལའི་གླིང་སྣེ་གསུམ་པའི”སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ།

    “སའི་གོ་ལའི་གླིང་སྣེ་གསུམ་པ”ཞེས་སུ་གྲགས་པའི་མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྣེ་ཁྲིད་དུ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། ཁོར་ཡུག་བཅོས་སྐྱོང་། ལྗང་མདོག་འཕེལ་རྒྱས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་ཡོད།

    མཐའ་ཚད་དང་དམར་ཐིག་བརྟན་པོར་བསྲུངས་ནས་སྐྱེ་ཁམས་སྲུང་བཅད་ཆེན་པོ་བསྐྲུན་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོའི་རི་ལྡེབས་སྔོ་ཐིང་ཐིང་དུ་གྱུར་ནས་གྲོང་མི་དང་ཡུལ་སྐོར་བ་གྲོང་འདབས་སུ་ཡུལ་སྐོར་དང་སྤྲོ་འཆམ་ལ་ཡོང་རྒྱུའི་ཡིད་དབང་འགུག་བཞིན་ཡོད། དེ་གར་སྔོན་ཆད་བྱེ་རླུང་གི་གནོད་འཚེ་ཕོག་མྱོང་ཡོད། ཕྱུགས་བཀག་ནགས་གསོར་སྐུལ་འདེད་ཏན་ཏིག་བཏང་བ་དང་བསྟུན་ནས་ད་ཆ་གྲོང་ཚོ་ཡོངས་ཀྱི་ནགས་རའི་རྒྱ་ཁྱོན་མུའུ་400ལྷག་ཙམ་ནས་མུའུ་1800ལྷག་ཙམ་བར་རྒྱ་ཆེ་རུ་ཕྱིན་ནས་ལྷ་སའི“ལྡུམ་ར་རྒྱབ་མར”གྱུར་ཡོད།

    དངུལ་དཔར་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་བོད་དུ་སྔར་བྱུང་མྱོང་མེད་པའི་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲ་བརྟན་དུ་བཏང་བའི་མཚོན་བྱེད་ཅིག་རེད།

    བོད་ཀྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག་དང་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་ལེན་བསྟར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ནས་སྐྱེ་ཁམས་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་པོ་ཡོང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་ཆེན་པོ་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་དང་། ཞིང་ལས་ཀྱི་བར་མཐོངས། སྐྱེ་ཁམས་ཀྱི་བར་མཐོངས་བཅས་རིགས་གསུམ་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་དང་། ཡུན་རིང་མི་འགྱུར་བའི་གཞི་རྩའི་ཞིང་ཁ། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་བཅས་ཚོད་འཛིན་གྱི་མཚམས་ཐིག་གསུམ་གྱི་དབྱེ་མཚམས་འབྱེད་པ་དང་སྲུང་སྐྱོང་ནན་པོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་བཀག སྐྱེ་ཁམས་ཞུགས་འཐུས་ཀྱི་རྩིས་ཐོ་བཅས“ཐིག་གསུམ་ཐོ་གཅིག”དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཁུལ་ཁོངས་དབྱེ་བའི་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད།

    བོད་ཀྱིས་གཙོ་གནད་སྐྱེ་ཁམས་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ཞིང་། 2021ལོར་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོ་འཛུགས་སྐྲུན་ལས་གྲྭ་སྟེ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་འགོ་ཚུགས་པ་རེད། 2024ལོར་ལས་གྲྭ་དེས་ནགས་བཟོ་མུའུ་ཁྲི་17.72གསར་དུ་བྱས་པ་དང་། ནགས་བཟོ་ཁུལ་38ཀྱི་སྡོང་ཕྲུག་གསོན་ཚད་92%ཡན་ཟིན་ཡོད་པ་རེད། སྔོན་དཔག་བྱས་ན། 2030ལོར་ལས་གྲྭ་དེས་ནགས་བཟོ་མུའུ་ཁྲི་206.7ལེགས་གྲུབ་བྱ་རྒྱུ་དང་། འཛུགས་སྐྲུན་ཟིན་རྗེས་ལོ་རེར་ཆུ་ཏུན་ཁྲི་4980ཙམ་གསར་དུ་གསོག་ཐུབ་རྒྱུ། ལོ་རེར་སྲ་ཐཱན་འབོར་ཚད་ཏུན་ཁྲི་22.91ཟིན་རྒྱུ། ལོ་རེའི་སྐྱེ་ཁམས་ཀྱི་རིན་ཐང་སྒོར་དུང་ཕྱུར་14.85ཟིན་རྒྱུ་རེད།

    ཆུ་འགོ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། བོད་ཀྱིས་གཙང་པོ་གལ་ཆེན་33གྱིས་གཙོས་པའི་ཆུ་འགོའི་ཁུལ་སྲུང་སྐྱོང་འདུ་འགོད་བརྒྱུད་རིམ་ལྡན་པའི་ངང་ལག་ལེན་བསྟར་བ་དང་། གཙང་པོ་དང་མཚོ་དོ་དམ་སྲུང་སྐྱོང་ཁྱབ་ཁོངས་དབྱེ་འབྱེད་བྱས་ཏེ་ཆུ་རྩ་གསོ་འཁྱོངས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(གདང་ལའི་བྱང་རྒྱུད་ས་ཁོངས)བཙུགས་ནས་འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་སོགས་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་གྱི་མ་ལག་སྲུང་སྐྱོང་ལ་སྐུལ་འདེད་བཏང་ཡོད།

    “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་འདུ་འགོད་དང་། ཞན་འགྱུར་འདམ་རར་སྲུང་སྐྱོང་ཉམས་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྩྭ་ཐང་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་སྐྱེ་ཁམས་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པས། གངས་ལྗོངས་ས་མཐོར་ཆུ་མོ་དྭངས་ཤིང་གཙང་བ་དང་། རི་ཀླུང་སྔོ་ཞིང་མཛེས་པ། ནམ་མཁའ་གཡའ་དག་པ་བཅས་བྱུང་ཡོད། 2024ལོར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུ་སྤུས་ནི་རིགས་གསུམ་པའི་ཆུ་གཟུགས་ཀྱི་བསྡུར་ཚད་100%ཟིན་པའམ་ཡང་ན་དེ་ལས་ལེགས་པ། འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད།

    རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ཤིང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ནགས་སྲུང་བ་བུ་ཆུང་གིས་སྔོན་ཆད་ཁྲུང་ཁྲུང་སྐེ་ནག་3000ཙམ་ཡང་མ་ཟིན་པ་ནས་ད་ཆ་ཁྲི་1ལྷག་ཙམ་བར་ཇེ་མང་དུ་སོང་བའི་ཉམས་དགའ་བའི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད།

    བོད་ཀྱི་དམིགས་བསལ་གྱི་ས་ཁོངས་ཁོར་ཡུག་གིས་ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཁྱུ་ཚོགས་བསྐྱངས་པ་དང་། དམིགས་བསལ་གྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་ཡོད་པས་སྐྱེ་དངོས་སྣ་མང་རང་བཞིན་གྱི་རང་བྱུང་དགའ་ཚལ་དུ་གྱུར་ཡོད། ས་མཐོའི་སྲོག་ཆགས་ལ་སྲུང་སྐྱོང་བྱ་ཆེད། བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཙུགས་ཡོད།

    མིག་སྔར། བོད་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་60ལྷག་ཙམ་གྱི་རྒྱལ་ཁབ་ས་ཆ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། རིམ་ཁག་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ། གཙང་གསུམ་ཆུ་འགོ(གདང་ལའི་བྱང་རྒྱུད་ས་ཁོངས)དང་། བྱང་ཐང་། ཇོ་མོ་གླང་མ། གངས་རིན་པོ་ཆེ། ཀའོ་ལི་ཀུང་རི་བོ(བོད་ལྗོངས་རི་རྒྱུད) ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ་བཅས་དཔེ་མཚོན་ས་ཁོངས་དྲུག《རྒྱལ་ཁབ་སྤྱི་གླིང་བར་མཐོངས་ཀྱི་བཀོད་པའི་ཇུས་གཞིའི》ནང་བཅུག་ནས་བོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་མཚམས་གསར་པར་སླེབས་ཡོད།

    ཚན་རྩལ་གྱི་མཐུན་རྐྱེན་སྦྱར་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རམ་འདེགས་བྱས་ཤིང་། བོད་ཀྱིས་རང་སྐྱོང་ལྗོངས་ཀྱི་སོན་བཟང་ཐོན་ཁུངས་མཛོད་བསྐྲུན་ཏེ་རྩི་ཤིང་གི་ས་བོན་མཛོད་དང་། DNAམཛོད། སྐྱེ་དངོས་ཕྲ་རབ་མཛོད། སྲོག་ཆགས་མཛོད། འབུ་སྲིན་མཛོད་སོགས་ཡན་ལག་མཛོད་8བཙུགས་ནས་རི་སྐྱེས་རྩི་ཤིང་རིགས་9600ལྷག་ཙམ་གྱི་སོན་བཟང་ཐོན་ཁུངས་ཉར་ཚགས་བྱས་པས། བོད་ཀྱི་སྐྱེ་དངོས་སོན་བཟང་ཐོན་ཁུངས་སྣ་ཚོགས་ཡུན་རིང་དང་ཆ་ཚང་གི་སྒོ་ནས་མཛོད་འཇུག་ཉར་ཚགས་ཐུབ་ཡོད།

    “རི་གཉིས”གཞན་འགྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པ་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན། རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་སུ་བོད་ཀྱིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

    བོད་ཀྱིས་སྐྱེ་ཁམས་ཡུལ་སྐོར་དེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་བརྩིས་ཤིང་། ཉིང་ཁྲི་གྲོང་ཁྱེར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གིས་སྐྱེ་ཁམས་ཡུལ་སྐོར་འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད། མཐའ་འཁོར་གྱི་ཤང་དང་གྲོང་རྡལ་5ཡི་ཡུལ་མི་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པར་སྐུལ་ཁྲིད་བྱས་པ་དང་2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་22.3ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་2151བྱུང་ཡོད། “ཁམ་བུའི་མེ་ཏོག་དུས་ཆེན”ལ་བརྟེན་ནས་ད་ལོ་ཉིང་ཁྲིའི་ཀ་ལ་གྲོང་ཚོ་དང་རྡོ་སྟེང་གྲོང་ཚོ་སྟེ“ཁམ་བུའི་མེ་ཏོག་གྲོང་ཚོ”གཉིས་དང་དེ་བཞིན“ཁམ་བུའི་མེ་ཏོག་དུས་ཆེན”གྱི་མཛེས་ལྗོངས་ཁུལ་ཁག་གི་ཡོང་འབབ་སྒོར་ཁྲི་272.8ཟིན་པ་དང་། རྡོ་སྟེང་གྲོང་ཚོའི“ཁམ་བུའི་མེ་ཏོག་གི་ཚོང་འདུས་ཆུང་ངུ”ཡི་སྐུལ་ཁྲིད་ལས་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་ཁྲི་28རག་ཡོད།

    2024ལོར་བོད་དུ་སྐྱེ་ཁམས་ཀྱི་ལས་གནས་ཁྲི་43.98བཏོད་པ་དང་ལོ་རེར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་15ལྷག་ཙམ་སྤྲད་ཡོད། 2024ལོར་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་དང་གྲོང་ཁྱེར་གྱི་གཞུང་ལམ་གཡས་གཡོན་སྔོ་འགྱུར་ལེགས་གཏོང་སོགས་ཀྱི་གཙོ་གནད་འདུ་འགོད་ནང་བོད་ཀྱིས་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ནགས་བཟོ་སྔོ་འགྱུར་དང་དུས་མཇུག་གི་གཡོག་བྱེད་སོགས་ཀྱི་ནང་ཞུགས་པ་དང་། ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་213ལྷག་ཙམ་ལ་ལས་ཞུགས་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་7.65བྱུང་བ་དང་། སྐྱེ་ཁམས་ནགས་སྲུང་བ་11598ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་5705.6རག་ནས“སྐྱེ་ཁམས་སྲུང་སྐྱོང་བ”དང“སྐྱེ་ཁམས་ཀྱི་ཕན་པ་ཐོབ་མཁན”དབར་གྱི་མཉམ་འགུལ་བཟང་པོ་བྱུང་ཡོད།

    ལྷ་སའི་ལུང་གཞུང་གི་སྔོ་ལྗང་ནགས་ཀླུང་ནས་བྱང་རྩྭ་ཐང་གི་ཁྲུང་ཁྲུང་གི་གཤོག་འགྱུར་བར་དང་། ཡར་ཀླུང་གཙང་པོའི་ཆུ་རྒྱུན་དྭངས་མོ་ནས་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་ཉམས་བཟང་བར། བོད་ཀྱིས“སྲུང་སྐྱོང་ཨང་དང་པོར་འཇོག་པའི”འགན་ཁུར་དང“ལྗང་མདོག་འཕེལ་རྒྱས”ཀྱི་བློ་གྲོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།

    སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པ།

    མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཀྱི་འགོག་སྲུང་འཛིང་རགས་དང་པོ་ཡིན་པས་མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུ་དེ་བོད་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། བོད་ཀྱིས་མཐའ་བརྟན་མཐའ་སྲུང་གི་འཕྲལ་མཁོ་དང་མཐའ་མཚམས་མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་ཐག་གཅོད་བྱ་རྒྱུ་དེ་འགོ་འཛུགས་སར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མཐའ་མཚམས་འཛུགས་སྐྲུན་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།

    མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་བཏང་ཞིང་། 2021ལོར་ཀུན་བཟང་བདེ་སྐྱིད་ཀྱི་ཁྱིམ་མཚོ་སྣ་གྲོང་ཁྱེར་ཆུ་དྲོ་མོ་ཤང་ནས་ཞེ་བོ་གྲོང་ཚོར་སྤོས་ཏེ། སྲིད་གཞུང་གིས་གསར་དུ་བསྐྲུན་པའི་བོད་བཟོའི་ཁང་པར་སྡོད་རྒྱུ་བྱུང་ཡོད། མིག་སྔར་ཀུན་བཟང་བདེ་སྐྱིད་ཁྱིམ་གྱིས་ཁང་པ་གསར་པར་མཛེས་བཟོ་ཐེངས་གཉིས་པ་བྱེད་རྩིས་ཡོད།

    “གཞིས་ཆགས་རྗེས་ཀྱི་ལོ་འགའི་རིང་ལ་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པས། ཁང་པ་དེ་བས་མཛེས་ལ་སྐྱིད་སྣང་དོད་པ་ཞིག་བཟོ་འདོད་འདུག”ཅེས་ཀུན་བཟང་བདེ་སྐྱིད་ཀྱིས་ངོ་སྤྲོད་བྱས།

    “ཁྱིམ་དུ་གློག་གི་དྲོད་གཏོང་ཡོ་ཆས་ཡོད་པས་ཕྱིར་གྲང་ངར་ག་ཚོད་ཆེ་ཡང་ཁང་པའི་ནང་དྲོ་སོབ་སོབ་རེད”ཆ་སྙོམས་ས་བབ་སྨི་5373ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཤར་གསོ་གྲོང་ཚོའི་ཡུལ་མི་བགྲེས་སོང་དངོས་གྲུབ་ཀྱི་ཁྱིམ་དུ་གློག་གི་དྲོད་གཏོང་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད། “ངས་འདི་གར་མི་ཚེ་ཕྱེད་ཀ་ལྷག་ཙམ་བསྐྱལ་བ་ཡིན། ད་ཆ་འཚོ་བ་དངོས་གནས་སྐྱིད་པོ་རེད་འདུག”ཅེས་དངོས་གྲུབ་ཀྱིས་བཤད།

    ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག བོད་ཀྱིས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

    མིག་སྔར། བོད་ཀྱི་འཆར་གཞིའི་ནང་གི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་རྫོང་གྲོང་21ལ་སྤྱི་པའི་ཆུ་མཁོ་འདོན་ཁྱབ་གདལ་གཏོང་ཚད་84.5%ཟིན་པ། མཐའ་མཚམས་རྫོང་གྲོང་17ལ་བཙོག་ཆུ་གཙང་གསིང་སྒྲིག་ཆས་བསྐྲུན་པ། གློག་དྲ་གཙོ་བོ་མཐའ་མཚམས་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་བྱས་ཡོད།

    ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བས་མཐའ་དར་དམངས་ཕྱུག་བྱུང་ཞིང་། བོད་ཀྱི་མཐའ་མཚམས་ཚོང་དོན་སྟབས་བདེ་རུ་རྒྱུན་ཆད་མེད་པར་བཏང་ནས་མཐའ་མཚམས་ཚོང་དོན་ལ་གསོན་ཤུགས་རྒྱས་པར་སྐུལ་འདེད་བཏང་ཡོད། 2024ལོར་བོད་ཀྱི་སྲོལ་རྒྱུན་ཚོང་དོན་ས་ཚིགས་14སླར་ཡང་སྒོ་མོ་ཕྱེ་ནས་མཐའ་མཚམས་ཀྱི་དངུལ་འབོར་ཉུང་བའི་ཚོང་དོན་དང་མཐའ་མཚམས་ཡུལ་མིའི་ཕན་ཚུན་ཉོ་ཚོང་ཁྲོམ་རའི་དངུལ་འབོར་སྒོར་དུང་ཕྱུར་35.32དང་སྒོར་དུང་ཕྱུར་0.44སོ་སོར་ཟིན་ཡོད།

    བོད་ཀྱིས་ཕྱི་ཕྱོགས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་བཅས་ནེ་པ་ལར་ཕྱོགས་པའི་སྲོལ་རྒྱུན་གྱི་འགག་སྒོ་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་པ་དང་། ལེགས་རྩེ་འགག་སྒོ་སྒོ་མོ་ཕྱེ་ནས་འཁོར་རྒྱུག་བྱས་པ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་སྤྱིའི་མཁའ་ལམ་གསུམ་མང་དུ་བཏང་བ་རེད། 2024ལོར་བོད་ཀྱི་འགག་སྒོའི་ལྟ་འདོམས་ཟོག་འདྲེན་བསྡོམས་འབོར་ཏུན་ཁྲི་26ཟིན་པ་དེ་དུས་མཚུངས་ལས་45.8%འཕར་བ་དང་། ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་51.2ཟིན་ནས་84.8%འཕར་བ་དེས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་32.7%ཟིན་ཡོད།

    དེའི་སྐུལ་ཁྲིད་འོག བོད་ཀྱི་རིང་ཚད་ལ་སྤྱི་ལེ་4000ལྷག་ཙམ་ཡོད་པའི་མཐའ་མཚམས་སུ་མཐའ་དར་དམངས་ཕྱུག་གི་ཐོན་ལས་ཆར་རྗེས་ཀྱི་མྱུ་གུ་བཞིན་འབུས། སྤུ་ཧྲེང་གི་རྩམ་པ་དང་རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ་ཐའོ། སྒར་གྱི་སྔོ་ཚལ། གྲོ་མོའི་ཀུའེ་ཉ་སོགས་ཀྱི་ཞིང་ཞོར་ཐོན་རྫས་དག་མཐའ་མཚམས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།

    “2024ལོར་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.2ལྷག་ཙམ་ཟིན་ཡོད” ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་རས་འཐག་ཁང་དང་། རྒྱལ་མཚམས་བཟོ་ཚོགས་ས་ཚིགས། བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞི། སྐྱེལ་འདྲེན་རླངས་འཁོར་རུ་ཁག་སོགས་ཀྱི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་ཁག་འཕེལ་རྒྱས་བཏང་བ་བརྒྱུད། མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། མཐའ་སྟོབས་མཐའ་བརྟན་གྱི་གདེང་ཚོད་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད།

    མི་རབས་ནས་མི་རབས་བར་མཐའ་དར་མཐའ་བརྟན་རྒྱུན་མཐུད་བྱས་ཏེ་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཡག་པོ་བསྲུངས་ཤིང་། ལྷོ་ཁ་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་པ་དང་། ཉང་ཆུ་དེ་དཀར་གཙང་ཁ་བཏགས་དང་འདྲ་བར་ཤང་གི་དབུས་ནས་ཤང་ཤང་དུ་རྒྱུག་བཞིན་ཡོད་པས་ངོགས་གཉིས་སུ་འདབ་ཆགས་ཀྱི་གསུང་སྐད་རྣ་བར་སྙན་ཞིང་མེ་ཏོག་གི་དྲི་ཞིམ་ལམ་ལམ་དུ་འཐུལ། ལོ་54ལ་སླེབས་པའི་ཤང་གི་ལས་བྱེད་པ་སྐལ་བཟང་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར། ཤང་གི་མཐའ་སྲུང་རུ་ཁག་ནི་ཞིང་འབྲོག་པ་39ལས་གྲུབ་པ་དང་། ཉིན་ལྟར་མཐའ་མཚམས་ཀྱི་ལམ་ཐིག་5ལ་རེས་མོས་ཀྱིས་སྐོར་གཡེང་བྱེད་བཞིན་ཡོད།

    “ངའི་ཨ་ཕས་བཅིངས་འགྲོལ་དམག་གི་སྣེ་ཤན་པ་བྱེད་མྱོང་ཡོད། 1991ལོར་ང་ཡང་ཁོང་གི་རྗེས་སུ་འབྲངས་ནས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཡིན” སྐལ་བཟང་བསྟན་འཛིན་གྱིས་བརྗོད་དོན། ཨ་ཕའི་ཤུགས་རྐྱེན་འོག་ང་ཡང་མཐའ་མཚམས་སྐོར་གཡེང་གི་ལམ་དུ་བསྐྱོད་པ་ཡིན། ཤང་གྲོང་གཞུང་ཞབས་པར་བསྡུས་རྗེས་མཐའ་མཚམས་ལ་སྐོར་གཡེང་དང་སྐོར་སྲུང་བྱ་རྒྱུ་དེ་འགན་འཁྲི་ལྕི་པོ་ཞིག་ཏུ་དེ་བས་ཀྱང་བརྩི་གི་ཡོད།

    མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་སོགས་བོད་ཀྱི་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕ་རྗེས་བུ་འབྲངས་དང་། བཟའ་ཚོ་མཉམ་ལས། གཅེན་གཅུང་དཔུང་སྦྲེལ་སོགས་ཁྱིམ་ཞེན་རྒྱལ་གཅེས་ཀྱི་གཏམ་རྒྱུད་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩོམ་བཞིན་མཆིས།

    བོད་ཀྱིས་རྒྱལ་ཁབ་ཀྱི་མཐའ་སྲུང་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ནས་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་སྟོབས་མཐའ་སྲུང་ནང་ཞུགས་ཏེ། གོམ་སྟབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ལ་ཡང་སྲུང་སྐྱོང་དང་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་རྐང་རེར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པར་སྐུལ་ལྕག་བྱས་ཡོད།

    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས། བོད་ཀྱིས་མུ་མཐུད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

    《རྒྱང་ལྟ》གསར་འགྱུར་གཟའ་འཁོར་དུས་དེབ་ཀྱི་གསར་འགོད་པ། ཁྲུའུ་གོ་ཆང་། ལི་ཧྭ། ཁྲེན་ཧྲང་ཚའེ།

    (《རྒྱང་ལྟ》གསར་འགྱུར་གཟའ་འཁོར་དུས་དེབ་ཀྱི་2025ལོའི་འདོན་ཐེངས་25པ་ལས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།