དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲུའུ་གོ་ཆང་། ལི་ཧྭ། ཁྲེན་ཧྲང་ཚའེ།   |     སྤེལ་དུས།  2025-06-24

    མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་པ།

    བོད་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པས། མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ནི་མེས་རྒྱལ་གཅིག་གྱུར་དང་། མཐའ་མཚམས་སྲ་བརྟན། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད།

    དཔེ་བཟང་ཁུལ་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཞིང་། 2025ལོའི་ཟླ་3པར། བོད་ཀྱིས་བསྐྱར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ཡོད། ད་ཐེངས་བཟོ་བཅོས་བརྒྱབ་པའི་གཙོ་གནད་དེ་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི“ཕྱོགས་བརྒྱད་ཐད”ཀྱི་གཙོ་གནད་ལས་འགན་གཏན་འབེབས་བྱས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་སོགས་གཙོ་གནད་ནང་དོན་ཁ་གསལ་བཟོས་པ་ལས་མངོན་གྱི་ཡོད།

    བོད་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མི་སེམས་སུ་ཟུག་པའི་འདུ་འགོད་དང་། “མོས་སེམས་ལྔ”ཟབ་ཏུ་གཏོང་བའི་འདུ་འགོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འདུ་འགོད། དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“སྤེལ་བ་དགུའི”འདུ་འགོད་བཅས“འདུ་འགོད་ཆེན་པོ་བཞི”དང་དེ་བཞིན་རང་རེའི་ཀྲུང་ཧྭ་ལ་དགའ་བའི“སོན་འདེབས”བྱ་སྤྱོད་དང་། “འགག་རྩའི་ཉུང་ཤས”ཀྱི་སྣེ་ཁྲིད་དཔེ་སྟོན་གྱི་བྱ་སྤྱོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱ་སྤྱོད། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་སྐྲུན་བྱ་སྤྱོད། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱ་སྤྱོད། མཛེས་སྡུག་ལྡན་པའི་མཐའ་མཚམས་ཀྱི་སེམས་མཐུན་སྲུང་སྐྱོང་བྱ་སྤྱོད་བཅས“བྱ་སྤྱོད་ཁག་དྲུག”དམ་འཛིན་བྱ་གཞིར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།

    2024ལོའི་ལོ་མཇུག་བར། བོད་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ལ་འཛུགས་གཏོད་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)30རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས་དང་གྲོང་ཁྱེར)ལ་འཛུགས་གཏོད་བྱས་པ། ཚན་པ་54ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པའི་མིང་བཏགས་པ། ཚན་པ་8ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི་མིང་བཏགས་པ། ཚན་པ་668ལ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པའི་མིང་བཏགས་པ་བཅས་བྱས་པས། མི་རིགས་མཐུན་སྒྲིལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་བཞིན་ཡོད།

    རིག་གནས་རྒྱུན་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཞིང་། ཟླ་4ཚེས་28ཉིན་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《སྙན་གཞུང་། གླིང་སྒྲུང》ལྷ་སའི་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་འཁྲབ་པ་རེད། ཟློས་གར་འདིར《སྙན་གཞུང》དང《གླིང་སྒྲུང》གི་ཉིང་བཅུད་བསྡུ་ལེན་གྱིས་མཉམ་འདྲེས་གསར་གཏོད་བྱས་ནས་ཚན་རྩལ་གྱི་ཐབས་ལ་བརྟེན་ཏེ་རྒྱ་བོད་མི་རིགས་ཀྱི་དམངས་སྲོལ་དང་། སྙན་ཚིག ཐོ་ཐེམ། ཞབས་བྲོ། རོལ་དབྱངས་སོགས་གཞི་རྒྱུ་ཕྱོགས་མང་པོའི་ཟུར་ཚད་ནས་ལྟད་མོ་བའི་མིག་ལམ་དུ་བཤམས་ཡོད།

    རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་འདི་འདྲ་བ་བོད་དུ་འཁྲབ་སྟོན་ཡང་ཡང་བྱེད་བཞིན་ཡོད། བོད་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་དང་། རིག་གནས“མཐའ་གསོས”འདུ་འགོད། དུས་རབས་གསར་པའི་བོད་ཀྱི་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་མཐོར་གཏོང་འདུ་འགོད་སོགས་ལག་བསྟར་གཏིང་ཟབ་བྱས་པ་དང་། གསར་བརྗེའི་རིག་གནས་ཤུལ་བཞག་ཉར་ཚགས་དང་གསར་བརྗེའི་གནའ་ཤུལ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཤུལ་བཞག་ཁག་138ལ་སྒོ་བྱང་བཀལ་བ་དང་རྡོ་རིང་བཙུགས་པ། རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཆེད་ལས་དང་ཞོར་ལས་ཀྱི་རིག་རྩལ་དཔུང་ཁག་གི་མི་ཁྲི་10ལས་བརྒལ་ཡོད། ཕུན་སུམ་ཚོགས་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལག་ལེན་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཟབ་ཏུ་ཕྱིན་པ་དང་སྤེལ་རེས་དང་ཤེས་རྟོགས་ལ་སྐུལ་མ་ཐེབས་ཡོད།

    ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། མི་རིགས་ཁག་གི་མང་ཚོགས་ཚོ་མཉམ་དུ་འཚོ་བ་སྐྱེལ་རིང་སྤེལ་རེས་དེ་བས་ཟབ་པ་ཡོང་བར་སྐུལ་འདེད་གཏོང་ཆེད། ཀླུ་སྒུག་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས“སྐད་གཉིས་སློབ་ཁང་ཆུང་ངུ”བཙུགས་ཏེ“སྐད་གཉིས་སློབ་རོགས་དང་མཐོ་སློབ་སློབ་ཐོན་སློབ་མའི་དང་བླངས་ཟུར་ཁྲིད་ཞབས་ཞུ”ཟུང་དུ་འབྲེལ་བའི་ཐོག་ནས་བོད་རིགས་གྲོང་མིར་སྤྱི་སྐད་བསླབས་པ་མ་ཟད། མི་རིགས་གཞན་དག་གི་གྲོང་མིར་ཡང་བོད་སྐད་བསླབས་ཡོད། ཕན་ཚུན་སྐད་བརྡ་འཕྲོད་ན་ཕན་ཚུན་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་ཐུབ།

    “སྤྱི་སྐད་ཡག་པོ་ཤོད་པ་དང་ཚད་ལྡན་གྱི་ཡི་གེ་འབྲི་རྒྱུ”དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་རྒྱུན་གཏན་གྱི་དོ་དམ་ནང་བཅུག་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སྐད་གཉིས་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་པ་དང་། གྲོང་ཚོ(གྲོང་ལྷན)གྱི་གྲོང་སྡོད་ལས་དོན་རུ་ཁག་5600ཡིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག》བསླབ་གཞིར་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ལ“གཅིག་གཏད་གཅིག”གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་སྒོ་སྤེལ་བ། ཞིང་འབྲོག་ཁུལ་དུ་གཅིག་གྱུར་རྩོམ་འབྲི་བྱས་པའི་བསླབ་གཞི་དང་། གཟའ་མཇུག་གི་མཚན་མོའི་སློབ་གྲྭ ཆེད་དོན་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་བྱ་ཐབས་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བས་དེ་ཉིད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་རིང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་དང་གཞི་རིམ་གྱི་བརྟན་ལྷིང་གི་རྨང་གཞི་བརྟན་དུ་སོང་ཞིང་། 2025ལོའི་ཟླ་1ཚེས་7ཉིན་བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་དིང་རི་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་180ཡི་གྲོང་སྡོད་ལས་བྱེད་པ་605དང་དེ་བཞིན་ལྷ་རྩེ་སོགས་རྫོང་4ཡི་གྲོང་སྡོད་ལས་དོན་རུ་ཁག་315ཡི་གྲོང་སྡོད་ལས་བྱེད་པ་1166ས་གནས་དེ་གར་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་ལ་གྱུར་ཡོད།

    ཐོལ་བྱུང་དོན་རྐྱེན་ཐོན་སྐབས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཕན་ཚུན་རོགས་རེས་དང་གང་མགྱོགས་རང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་བདེ་འཇགས་ལ་མ་བལྟོས་པར་ཉེན་ཁ་ཆེ་བའི་ཁང་པའི་ནང་ནས་རྒན་རྒོན་སྒལ་པར་འཁུར་ཏེ་ཕྱིར་སྐྱེལ་བ་དང་། རྨས་སྐྱོན་ཕོག་ཀྱང་སྔར་བཞིན་མང་ཚོགས་ལ་གུར་རྒྱག་པ་དང་། ཆུ་སྐོལ་བ། སྲིང་བལ་སྟོད་ཐུང་དང་ཉལ་ཆས་སྤྲོད་པ་སོགས་ཀྱི་བྱ་སྤྱོད་མྱུར་དུ་སྤེལ་བ་དང་འགན་འཁྲི་གཙང་སྒྲུབ་བྱེད་པའི་གྲོང་སྡོད་ལས་བྱེད་པའི་གཟུགས་བརྙན་ཡང་ཡང་མཐོང་རྒྱུ་ཡོད། དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་རྒན་མོ་ཚེ་རིང་གིས་གྲོང་སྡོད་ལས་བྱེད་པ་བསྟན་འཛིན་གྱི་ལག་ནས་འཇུས་ཏེ“ཁྱེད་ཚོས་ང་ཚོ་གཉེན་ཉེར་བརྩི་གི་ཡོད་པས་དགུ་རུམ་གྲོང་ཚོ་ནི་ནམ་ཡང་ཁྱེད་ཚོའི་ཁྱིམ་རེད”ཅེས་བཤད།

    2025ལོའི་ཟླ་5པར་བོད་ཀྱི་ལས་བྱེད་པ་ཁྲི་2.2ལྷག་ཙམ་གྱིས་གྲོང་ཚོ(གྲོང་ལྷན)5600རུ་བརྗེ་རེས་བཅའ་སྡོད་བྱས་ཏེ་མུ་མཐུད་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་ངལ་ཐག་གཅོད་བྱས་ནས་གཞི་རིམ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན”གྱི་བྱེད་སྒོ་སྤེལ་ཚུན། རིམ་ཁག་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ། བོད་སྡོད་ཀྲུང་དབྱང་ཐད་གཏོགས་སྒྲིག་གཞི་སོགས་ནས་ཁྱོན་བསྡོམས་ཁག་ཐེངས་14ཡི་ལས་བྱེད་པ་ཁྲི་29.7ལྷག་ཙམ་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། གྲོང་སྡོད་ལས་བྱེད་པས་གྲོང་གསེབ་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། སྲིད་ཇུས་སྒྲོག་འགྲེལ། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་བཏོན་ནས། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཁར། ཏང་དང་མང་ཚོགས་དབར“སེམས་སྦྲེལ་ཟམ་པ”བསྐྲུན་པས། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི“སྣེ་ཁྲིད་པར“གྱུར་ཡོད་ཅེས་བརྗོད།

    བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

    བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། 2024ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ལྷག་ཙམ་ཟིན་པ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་300གསར་དུ་བསྐྲུན་པ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཆ་ཚང་ཁྲི་3.95ལག་ལེན་བསྟར་ཡོད།

    ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་ལ་ཤར་གཏོང་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་ཞིང་། 2024ལོའི་ཟླ་6ཚེས་30ཉིན། ལམ་ཐག་ཧྲིལ་པོར་སྤྱི་ལེ་245ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་ཧྲིལ་པོ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པས། གྲོང་ཁྱེར་གཉིས་དབར་གྱི་འགྲུལ་བཞུད་དུས་ཚོད་ཆུ་ཚོད་3ཙམ་ཐུང་དུ་ཕྱིན་པ་དང་། བོད་ཀྱི་རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་སྤྱི་ལེ་1196ཟིན་ཡོད།

    ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་བོད་ཀྱིས་མཁའ་འགྲུལ་དང་། ལྕགས་ལམ། གཞུང་ལམ་བཅས་ཚུད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཧུར་ཐག་བསྐྲུན་ཞིང་། མཚོ་བོད་ལྕགས་ལམ་དང་། ལྷ་ཉིང་ལྕགས་ལམ། ལྷ་ཉིང་མྱུར་བགྲོད་གཞུང་ལམ་སོགས་བསྐྲུན་ནས་མེ་འཁོར་དང་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ས་ནས་པེ་ཅིང་དང་ལྷ་ས་ནས་ཧྲང་ཧའེ་སོགས་སུ་མཁའ་ལམ་178ཤར་གཏོང་ཐུབ་ནས་བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

    རྒྱལ་ཁབ་ཀྱིས་རྒྱུན་མཐུད་མ་དངུལ་བཏང་བ་བརྒྱུད། 2024ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9.48ཟིན་ཞིང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་ཚང་མ་100%ཟིན་པ་དང་ཤར་བགྲོད་ཐུབ་ཚད་97.99%དང་86.05%སོ་སོར་ཟིན་ཡོད། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་623དང་སྲིད་འཛིན་གྲོང་ཚོ་386ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཅིང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་91.75%དང་72.42%སོ་སོར་ཟིན་ཡོད།

    ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། 2024ལོའི་ཟླ་11ཚེས་28ཉིན། ཀོང་ཀྲོའུ་རུ་འཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གཅིག་པར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་འཁྱེར་བའི་ནས་ཆང་དང་ཡོས་སོགས་ལ་ཚང་མའི་དགའ་བསུ་ཐོབ་ཡོད་པ་རེད།

    ནས་ནི་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་ཞིང་ལས་སྐྱེ་དངོས་ཤིག་རེད། བོད་ཀྱི་ས་ཆ་མང་པོ་ཞིག་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་བ་དང་ནས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཡོད། སྲོལ་རྒྱུན་གྱི་ལས་སྣོན་རགས་ཙམ་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་བར་རྒྱལ་རྩེ་རྫོང་གིས་ཞིབ་བཟོ་ཐོན་སྐྱེད་བྱས་པའི་ནས་ཀྱི་ཐོན་རྫས་རིགས་40ལྷག་ཙམ་ཟིན་གྱི་ཡོད། རྩམ་པ་དང་ནས་ཀྱི་སྦི་རག་སོགས་མཚོ་བོད་ས་མཐོར་སྐད་གྲགས་ཤིན་ཏུ་ཆེ་བ་དང་། ནས་ཀྱི་ཏན་ཞིམ་དང་ནས་ཀྱི་བཏུང་བྱ་སོགས་ཧྲང་ཧའེ་དང་ཅང་སུའུ་སོགས་སུ་བཙོངས་ཡོད། 2024ལོར་རྫོང་དེའི་ནས་ཀྱི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.48ཟིན་པ་དེ་ལོ་གོང་མ་ལས་66%འཕར་ཡོད།

    བོད་ལ་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཆུ་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར་1.8དང་འོད་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར་98ཟིན་གྱི་ཡོད། བོད་ཀྱིས་ནུས་རྒྱུ་གཙང་མའི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མི་མངོན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་ཆེན་པོར་བསྒྱུར་ཡོད།

    2024ལོའི་ཟླ་8པར་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་རགས་ཙམ་བསྐྲུན་པ་དེ་བོད་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་ཐོག་མར་གྱུར་པ་དང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་རླུང་གློག་ར་བ་དེ་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་ཏུ་གྱུར་ནས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.23ཟིན་ཏེ། མི་ཁྲི་23ཙམ་གྱི་ལོ་འཁོར་མོའི་འཚོ་བའི་གློག་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད།

    གློག་ཧ་ཅང་དཀོན་པ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་བར་དང་། ཐོན་ནུས་རྐྱང་མ་ནས་ཆུ་ནུས་དང་། རླུང་ནུས། ཉི་ནུས། ས་འོག་ཚ་ནུས་བཅས་ཀྱི་གློག་གཏོང་བར་མཉམ་དུ་འཕེལ་རྒྱས་བཏང་བས། བོད་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་96%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་99%ལྷག་ཙམ་ཟིན་ནས་གློག་ཤུགས་གཙང་མ་མཁོ་འདོན་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲ་ཞིག་ཏུ་གྱུར་ཡོད།

    ཕྲུ་གུ་སློབ་གྲྭར་འགྲོ་བ་དང་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་བས་དམངས་འཚོ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཞིང་། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ། འཕེལ་རྒྱས་གཏོང་རིང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་བྱས་ཡོད།

    རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་རོགས་རམ་འོག བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་རིམ་བཞིན་བཙུགས་པ་དང་། སློབ་གསོའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2014ལོ་ནས་2024ལོ་བར། བོད་ཀྱིས་རིམ་རྩིས་བརྒྱབ་ན་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་3022.5བཏང་ཡོད།

    རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག བོད་དུ་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་རིམ་པ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་ཡོད། རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞི་བར་དང་། དེ་ནས་བུད་མེད་དང་བྱིས་པའི་བདེ་སྲུང་སྨན་ཁང་བར། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་དང་སྤྱི་པའི་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

    སྨན་བཅོས་ཤེས་ལྡན་པ་དཀོན་པའི་གནད་དོན་ལ་དམིགས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་མུ་མཐུད་སྤེལ་ཞིང་། བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་གངས་ལྗོངས་ས་མཐོར་སྔོན་ཐོན་གྱི་ལག་རྩལ་ཁྱེར་ཡོང་བ་མ་ཟད། ད་དུང་ཆེད་ལས་ཀྱི་ནུས་པ་དང་། ལས་ཀའི་འདུ་ཤེས། སྒྲིག་སྲོལ་ལམ་སྲོལ་སོགས་ནས་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་སྨན་བཅོས་ཀྱི་ཆུ་ཚད་ཧྲིལ་པོ་མཐོ་རུ་གཏོང་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།