“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོ
(2025ལོའི་ཟླ་11ཚེས་26ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)
གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་དུས་བབ་སྲ་བརྟན་དུ་གཏོང་དགོས།
6. ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཤུགས་ཆེན་གཏོད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་དང་ནང་སའི་དབར་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་དང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།
7.བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་དགོས། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་སྟེ་ཆོས་ལུགས་ལས་རིགས་ཀྱིས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་དེ་བས་ལེགས་པ་འདོན་ཐུབ་པའི་ཁྲིད་སྟོན་བྱེད་དགོས།
8.སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་གི་འདུ་འགོད་གསར་གཏོད་ལག་བསྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་མ་ལག་གཏོད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་བ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་ནུས་པ་རྒྱ་སྐྱེད་གཏོང་བ། མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་དགོས། སློབ་གྲྭར་ཤེས་དཔལ་གྱི་བྱ་སྤྱོད་སྤེལ་ནས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
9.རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་ཆེད་དོན་རྣམ་གྲངས་གལ་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་རྒྱག་པ། རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་སྔོན་བརྡ་དང་སྔོན་དཔག་ལམ་སྲོལ་དང་། ཉེན་ཁ་དོ་དམ་ཚོད་འཛིན་དང་ཐག་གཅོད་ལམ་སྲོལ། ཐབས་ཇུས་གལ་ཆེན་གྱི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་བོད་འབྲེལ་གྱི་རྒྱལ་སྤྱིའི་དྲིལ་བསྒྲགས་ནུས་ཕྱོད་ཆེ་རུ་ཏན་ཏིག་གཏོང་དགོས། རྒྱལ་སྲུང་གི་སྐུལ་སློང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་དགོས། དྲ་རྒྱའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།
10.སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱིའི་སྔོན་འགོག་ཚོད་འཛིན་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “ལྷུ་ཚིགས་གསུམ”ལ་དམ་འཛིན་ཏན་ཏིག་བྱེད་པ། “ནུས་པ་གསུམ”ཟམ་མི་ཆད་པར་ཆེ་རུ་གཏོང་བ། “ལམ་སྲོལ་གསུམ”འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཞི་རིམ་དང་ཐོན་བཟོ་ཡོད་པའི་ས་ནས་ཐག་གཅོད་ཧུར་ཐག་བྱེད་དགོས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་མི་སེམས་གཅིག་སྒྲིལ་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་ལས་སྟེགས་ལེགས་སུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཁུལ་དབྱེ་ལེགས་གཏོང་དང་གྲོང་ཁྱེར་བཅོས་སྐྱོང་ཕན་ཚུན་གཞོགས་འདེགས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་པའི་དཔུང་ཁག་དང་དང་བླངས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གྲོང་ཚོའི(སྡེ་ཁུལ)ལས་ཀའི་དོན་ཚན་གྱི་ཆོག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་གྲོང་སྡོད་ལས་དོན་གྱི་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱེད་དགོས། གྲོང་མིའི་སྤྱི་ཆིངས་དང་ཡུལ་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
11.སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱ་ཐབས་སྔོན་འགོག་བྱེད་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྒྲིག་དང་འགན་འཁྲི་ལྡོག་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཕྱོགས་གསུམ་པ་ཆེད་ལས་ཅན་གྱི་བདེ་འཇགས་ལྟ་འདོམས་དང་ཞབས་འདེགས་ཞུ་བའི་ནང་ཞུགས་རྒྱུ་འཚོལ་ཞིབ་བྱེད་དགོས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། རྒུད་སྐྱོབ་དང་། ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཚབས་ཆེན་བཅས་ཀྱི་ཐག་གཅོད་འགན་སྲུང་དང་ནུས་པ་གསོག་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གེགས་འགོག་གི་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་རིག་ནུས་ཅན་དང་བཀོད་འདོམས་རོགས་སྐྱོབ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་ནན་པོ་བཅད་དེ། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
བཞི། ས་མཐོའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོ་བསྐྲུན་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
12.གཙོ་ཁྲིད་ཀྱི་ཀ་རྟེན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ལྗང་མདོག་གཏེར་ལས་སོགས་ཀྱི་ཀ་རྟེན་ཐོན་ལས་གཙོ་གནད་འཕེལ་རྒྱས་བཏང་སྟེ། ས་ཁོངས་དཔལ་འབྱོར་གྱི་འཕར་ཤུགས་ཆེན་པོ་གཏོད་དགོས། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས“ཡུལ་ཟོག”གི་ལས་དོན་ཡག་པོ་སྒྲུབ་པར་དམིགས་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་འདུ་འགོད་དང་། དེང་རབས་ཀྱི་སོན་ལས་ལེགས་གཏོང་འདུ་འགོད། སྒྲིག་བཀོད་ཞིང་འབྲོག་ལས་དེང་རབས་ཅན་ལ་འགྱུར་བའི་བྱ་སྤྱོད་བཅས་ལག་ལེན་བསྟར་བ། དེང་རབས་ཀྱི་ཞིང་འབྲོག་ལས་གཉེར་སྐྱོང་མ་ལག་སྟོབས་ཆེར་གཏོང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་ལས་ཀྱི་སྤུས་རྟགས་གཏོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་རིམ་བཞིན་དེང་རབས་ཅན་གྱི་ཐོན་ལས་ལ་སྐྲུན་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་འབྲེལ་ཡོད་འཆར་འགོད་ལག་བསྟར་དང་རྣམ་གྲངས་འཛུགས་སྐྲུན་ལ་བརྒྱུད་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་གཞོགས་འདེགས་དང་སྐུལ་འདེད་གཏོང་བ། གཙོ་གནད་འབབ་རྒྱུད་ཀྱི་ཆུ་གློག་འཆར་འགོད་གསར་སྤེལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཆུ་རླུང་འོད་སོགས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནུས་རྒྱུ་གཙང་མའི་སྒྲིག་ཆས་ཀྱི་ཐོན་ལས་ཚོ་འདུས་སྐྱེད་སྲིང་བྱེད་དགོས། ནུས་གསོག་གསར་པ་བརྟན་ལ་ལེགས་བསྡུས་ངང་འཕེལ་རྒྱས་བཏང་ནས་ནུས་རྒྱུ་གཙང་མ་དང་ནུས་གསོག་གསར་པ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གློག་ཤུགས་ཁྲོམ་རའི་མ་ལག་མགྱོགས་པོ་སྐྲུན་དགོས། རིག་གནས་ཡུལ་སྐོར་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལམ་སྲོལ་ལེགས་སུ་གཏོང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རིག་ལྡན་ཡུལ་སྐོར་ཞབས་ཞུའི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་རྫོང་གྲགས་ཅན་དང་། མཛེས་ལྗོངས་ཁུལ་རྩེ་གྲ། ཡུལ་སྐོར་ལམ་ཐིག་རྩེ་གྲ། རིག་གནས་ཡུལ་སྐོར་གྱི་བར་ཁྱམས་ཁག་གཅིག་སྐྲུན་པ་བཅས་བྱས་ཏེ། སྣེ་འདྲེན་རིག་གནས་ཡུལ་སྐོར་ཁེ་ལས་ཁག་གཅིག་ལ་རྒྱབ་སྐྱོར་དང་སྐྱེད་སྲིང་བྱེད་དགོས། ལྗང་མདོག་གཏེར་ལས་ནུས་སྐྱེད་སྤུས་འདེགས་དང་འཁོར་འབྲེལ་རིན་འཕར་ལ་སྐུལ་འདེད་བཏང་ནས་ཐོན་ཁུངས་ལས་སྣོན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་། རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་གྱི་འཐབ་ཇུས་བྱ་སྤྱོད་ལག་ལེན་བསྟར་བ། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་རྩད་ཞིབ་གསར་སྤེལ་ལ་སྐུལ་འདེད་བརྟན་པོ་གཏོང་བ། ལྗང་མདོག་གཏེར་འདོན་ལག་རྩལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་འཇགས་གཏེར་རི་དང་། ལྗང་མདོག་གཏེར་རི། རིག་ལྡན་གཏེར་རི་བཅས་སྐྲུན་དགོས།
13.ཁྱད་ལྡན་དམངས་ཕན་ཐོན་ལས་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་དགོས། ཨར་ལས་རྒྱུ་ཆ་དང་། བོད་སྨན་ལས་རིགས། ས་མཐོའི་ཡང་བའི་བཟོ་ལས། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས་སོགས་དམངས་ཕན་ཐོན་ལས་ཀྱི་ནང་དོན་ཁྱབ་རྒྱ་ཕུན་སུམ་ཚོགས་སུ་བཏང་སྟེ། ཐོན་ལས་དམངས་ཕྱུག་གི་ཐབས་ལམ་གསར་པ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་དགོས། ཨར་སྐྲུན་རྒྱུ་ཆའི་ཐོན་ལས་འཁོར་འབྲེལ་ཚོགས་པ་བཙུགས་ནས་རྒྱལ་ནང་གི་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་དང་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་སོགས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་བོད་དུ་གཞིས་ཆགས་པ་དང་། ཨར་སྐྲུན་ཁྲོམ་རའི་ཡིད་རྟོན་གདེང་འཇོག་ལམ་ལུགས་ལེགས་སུ་གཏོང་བ། ཨར་སྐྲུན་རྒྱུ་ཆའི་ཁེ་ལས་ལ་ལྗང་མདོག་ཕྱོགས་སྒྱུར་དང་གཅིག་སྡུད་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ། སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་དང་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་དགོས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བོད་ཀྱི་གསོ་བ་རིག་པ་དར་རྒྱས་གོང་འཕེལ་གྱི་འདུ་འགོད་ལག་བསྟར་བྱས་ཏེ། གོ་རིམ་ལྟར་བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཅན་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལྟེ་གནས་སྐྲུན་པ། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསོ་རིག་གི་གནས་ལུགས་ཞིབ་འཇུག ཐོན་ཁུངས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བོད་སྨན་སྨན་རྒྱུ་འདེབས་གསོའི་ལས་སྣོན་རྟེན་གཞི་ཁག་གཅིག་བསྐྲུན་རྒྱུའི་བཀོད་སྒྲིག་བཅས་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ས་མཐོའི་ཡང་བའི་བཟོ་ལས་ཀྱི་སྤུས་རྟགས་གཏོད་པ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས། སྤོས་དང་། ཐང་ག བོད་བཟོའི་འཛིན་ཆས། མི་རིགས་ཀྱི་རྒྱན་གོས། ལྕགས་རིགས་ལས་སྣོན། བོད་རུམ་སོགས་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་མཐོའི་ཐབ་ཆས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་གཙོ་བོ་ཧུར་ཐག་སྐྲུན་པ། བརྒྱུད་ཚོང་དང་མཐའ་མཚམས་གྲོང་མིའི་ཚོང་འབྲེལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་སྣོན་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་འཚོལ་ཞིབ་བྱེད་པ། ཟོག་འགྲེམས་ལྟེ་གནས་དང་། སྐམ་སའི་གྲུ་ཁའི་འགག་སྒོ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་ཀྱི་སྒོ་དབྱེའི་ལས་སྟེགས་ལ་བརྟེན་པ་བཅས་བྱས་ཏེ། ནང་ཁུལ་དང་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
14.གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་སྐྱེད་སྲིང་བྱེད་པ། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་ཐབས་རིག་ནུས་ཀྱིས་ཐོན་ལས་འཕེལ་རྒྱས་དང་། རིག་གནས་འཛུགས་སྐྱོང་། དམངས་འཚོ་འགན་ལེན། སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་སོགས་ལས་རིགས་ཁག་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་དགོས། “རྩིས་ནུས་ཀྱི་ཇོ་མོ་གླང་མའི”བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ། ས་ཁོངས་རང་བཞིན་གྱི་ནུས་རྒྱུ་གསར་པའི་རྩིས་ནུས་ལྟེ་གནས་བསྐྲུན་ནས་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་ནང་མཉམ་འདྲེས་མགྱོགས་པོ་ཡོང་བར་བྱེད་དགོས། ས་མཐོའི་ཁྱད་ལྡན་དམའ་དབྱིངས་དཔལ་འབྱོར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ནས། དམའ་དབྱིངས་འཕུར་སྐྱོད་འགན་སྲུང་དང་། ཕྱོགས་བསྡུས་ཞབས་ཞུ། ལྟ་འདོམས་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལེ་ལག་ཚང་བའི་ཁེ་ལས་ནང་འདྲེན་གྱིས་དམའ་དབྱིངས་དཔལ་འབྱོར་གྱི་ཐོན་ལས་འཁོར་འབྲེལ་གཏོད་དགོས། བྱང་སྐར་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་ཐཱན་ཉུང་དང་བརྟན་ལྷིང་བདེ་འཇགས་ཀྱི་ཆིང་དབྱང་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས།
15.དེང་རབས་ཞབས་ཞུའི་ལས་རིགས་སྤུས་ལེགས་དང་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཞབས་ཞུ་དང་། ཚན་རྩལ་ཞབས་ཞུ། ལས་གྲྭའི་བློ་འདྲི། ཁོར་ཡུག་སྲུང་སྐྱོང་ཞབས་ཞུ། བཅའ་ཁྲིམས་ཞབས་ཞུ། རྩིས་གཉེར་རྩིས་བཤེར་ཞབས་ཞུ་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ“ཐོན་ལས་དང་ཞབས་ཞུ”ཟུང་དུ་འབྲེལ་བའི་ཐོན་ལས་ཁོར་ཡུག་གསར་པ་ཆགས་པར་བྱེད་དགོས། སྨན་བཅོས་བདེ་ཐང་དང་། སློབ་གསོ་གསོ་སྦྱོང་། ཁྱིམ་ལས་སྡེ་ལས། རྒན་གསོ་བུ་བཅོལ་སོགས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བཏང་སྟེ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས།
ལྔ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་པོ་བཏོད་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
16.དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། “འཕྲེད་གསུམ་གཞུང་གསུམ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཧུར་ཐག་བསྐྲུན་དགོས། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་དང་། ཡུན་བོད་ལྕགས་ལམ་སྤོ་བོ་ནས་རྭ་འོག་བར་གྱི་དུམ་བུ། ཤིན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་བཅས་བསྐྲུན་པར་སྐུལ་འདེད་བཏང་སྟེ་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་གློག་རླངས་ཅན་གྱི་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་དང་ལྷ་ཉིང་ལྕགས་ལམ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་དགོས། “ཕྱོགས་བཞི་ནས་བོད་དུ་སྐྱོད་པའི”གཞུང་ལམ་གྱི་བགྲོད་ལམ་གཙོ་བོ་རིམ་སྤོར་སྤུས་ལེགས་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རྒྱལ་ལམ་དཀྱུས་མ་ཕྱོགས་ཡོངས་ནས་ཤར་བགྲོད་ཐུབ་པར་བྱེད་པ། ལྗོངས་ནང་ཁུལ་གྱི་རིམ་མཐོའི་གཞུང་ལམ་དུམ་བུ་ཡུག་ཅིག་དྲ་བ་ཆགས་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ནང་སྔ་ཙམ་མཉམ་འདྲེས་ཐུབ་པ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མ་ལམ་དང་ཡན་ལག་མཁའ་ལམ་སྦྲེལ་མཐུད་ཀྱི་མཁའ་འགྲུལ་དྲ་བ་བཙུགས་ནས་ལྷ་སའི་གནམ་ཐང་གསར་པ་འཆར་འགོད་ཞིབ་འཇུག་གིས་ཡན་ལག་མཁའ་ལམ་གྱི་གནམ་ཐང་དང་། གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང་། གནས་སྐབས་འབབ་འཕུར་ས་ཚིགས་བཅས་ཁག་གཅིག་སྤྱོད་འགོ་ཚུགས་པ་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་དགོས།
17.ས་མཐོའི་དེང་རབས་ཟོག་འགྲེམས་ལྟེ་གནས་དྲ་བ་འཛུགས་དགོས། ས་ཁོངས་ཟོག་འགྲེམས་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བསྐྲུན་ནས་འཚོ་བ་དང་ཐོན་ལས་ཀྱི་དངོས་ཟོག་འགྲོ་རྒྱུག་གི་མཁོ་སྤྲོད་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་དང་སྤྱི་པའི་གྲང་མཛོད་ཁག་གཅིག་གཅིག་སྡུད་ཐོག་བསྐྲུན་པ་དང་། འགག་སྒོའི་ཟོག་འགྲེམས་ཀྱི་མཚམས་ཚིགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ལྷ་སའི་སྐམ་སའི་གྲུ་ཁའི་རིགས་དང་། གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་ཀྱི་འགག་སྒོའི་རིགས། ལྷོ་ཁའི་མཁའ་འགྲུལ་རིགས་སོགས་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་དང་ལྷ་སར་རྒྱལ་ཁབ་ཀྱི་རྐང་འཛིན་གྲང་ཕྲེང་ཟོག་འགྲེམས་རྟེན་གཞི་བསྐྲུན་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སྐྱིད་གྲོང་འགག་སྒོའི་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས་བསྐྲུན་རྒྱུའི་རེ་ཞུ་འབུལ་དགོས། ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
18.ནུས་རྒྱུ་གསར་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་སྐྲུན་དགོས། དྭངས་གཙང་དང་། ཐཱན་ཉུང་། བདེ་འཇགས། ནུས་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་གསར་པ་མགྱོགས་པོ་བཏོད་དེ། ཆུ་ནུས་དང་། རླུང་ནུས། ཉི་ནུས། ས་འོག་ཚ་ནུས་བཅས་གསབ་རེས་དང་གློག་ཁུངས་དང་། གློག་དྲ། ཐེག་ཚད། གསོག་ནུས་བཅས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཧུར་ཐག་སྐྲུན་དགོས། ས་ཁོངས་ཀྱི་གློག་དྲ་ཕན་ཚུན་སྦྲེལ་མཐུད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱིར་སྐྱེལ་བའི་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། “བོད་གློག་ཕྱིར་གཏོང”གི་ལས་གྲྭ་ལག་ལེན་བསྟར་བ། ལྗོངས་ནང་ཁུལ་གྱི་དྲ་སྒྲོམ་གཙོ་བོར་ཤུགས་སྣོན་རྒྱག་པ་དང་བགྲོད་ལམ་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་མཐོར་གཏོང་ལས་གྲྭ་ལག་ལེན་བསྟར་དགོས། ནང་མཁོའི་འདེགས་སྐྱོར་རང་བཞིན་དང་སྙོམས་སྒྲིག་རང་བཞིན་གྱི་གློག་ཁུངས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། མཚོ་བོད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ལས་གྲྭ་འཛུགས་སྐྲུན་ལ་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་སྣུམ་རླངས་ཀྱི་རྒྱལ་ཁབ་འཐབ་ཇུས་གསོག་འཇོག་མཛོད་དང་ས་གནས་ཀྱི་བཅོས་སྣུམ་གསོག་འཇོག་མཛོད་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
19.དེང་རབས་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་དགོས། “གཙང་པོ་བཞི་དང་ཆུ་བོ་གཅིག”གི་རྐང་འཛིན་ཆུ་དྲ་དང་། རྐང་འཛིན་ཆུ་ཁུངས་ལས་གྲྭ། ཆུ་འདྲེན་ཆུ་གཏོང་བགྲོད་ལམ་བཅས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཆུ་ཁུངས་ལས་གྲྭ་དང་ལེ་ལག་ཚང་བའི་སྒྲིག་བཀོད་མགྱོགས་པོ་བསྐྲུན་པ། ཆུ་མཛོད་ལས་གྲྭ་དང་ཆུ་བེད་ལྟེ་བའི་ལས་གྲྭ་ཆེ་འབྲིང་ཁག་གཅིག་འཆར་འགོད་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་མ་ལག་ལེགས་སུ་བཏང་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཆུའི་ཐོན་ཁུངས་དཀོན་པའི་ས་ཁུལ་གྱི་ཆུ་སྤྱོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
20.རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཟོག་འབྲེལ་དྲ་རྒྱ་དང་། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱ། མི་ཐབས་རིག་ནུས། གྲངས་གཞི་ཆེན་པོ་སོགས་ལག་རྩལ་སྤྱོད་པར་སྐུལ་འདེད་ཧུར་ཐག་བཏང་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་རྨང་གཞིའི་སྒྲིག་བཀོད་མ་ལག་གསར་པ་གཏོད་དགོས། IPv6གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་དང“དྲ་ཆེན་མཐའ་མཚམས”འཛུགས་སྐྲུན་ཟབ་ཏུ་གཏོང་བ། 5Gདང་ཆན་ཀྲའོ་ཡི་དྲ་རྒྱ་མུ་མཐུད་བསྐྲུན་ཏེ“ཆན་ཀྲའོ་གཉིས”ཀྱི་དྲ་རྒྱ་ནས“དབན་ཀྲའོ་གཉིས”ཀྱི་དྲ་རྒྱར་མངོན་འགྱུར་ཐུབ་པར་བྱེད་དགོས། ས་ཁོངས་ཀྱི་རྒྱལ་སྤྱིའི་འཕྲིན་གཏོང་ལྟེ་གནས་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་དགོས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་གྲངས་རིག་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས།
21.རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། འཐབ་ཇུས་དངོས་ཟོག་གྲབས་གསོག་མ་ལག་མགྱོགས་པོ་འཛུགས་པ་དང་། འཕྲལ་སྡོམ་འགན་སྲུང་གི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་དང་ས་ཡོམ་དང་ས་གཤིས་གནོད་འཚེ་ཐོན་སླ་བའི་ས་ཁུལ་དུ་འཕྲལ་སྡོམ་རོགས་སྐྱོབ་གྲབས་གསོག་རྟེན་གཞི་འཆར་འགོད་འཛུགས་སྐྲུན་བྱས་ཏེ་མཐའ་མཚམས་འགག་སྒོར་མཛོད་ཁང་གི་སྒྲིག་བཀོད་ཁག་གཅིག་བཀོད་སྒྲིག་དང་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས། གནམ་གཤིས་དང་། ཆུ་དཔྱད། ས་གཤིས་གནོད་འཚེ་སོགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་དང་རང་བྱུང་གནོད་འཚེའི་འགོག་སྲུང་ལས་གྲྭ་ཚད་ལྡན་ངང་བསྐྲུན་དགོས། གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་དང་མཐའ་མཚམས་ཀྱི་སྤྱི་པའི་མེ་ཟོན་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།
དྲུག ཚན་རྩལ་གསར་གཏོད་ཀྱི་སྐུལ་སྤེལ་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས།
22.ཚན་སློབ་མཐུན་སྦྱོར་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གསར་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚན་ཞིབ་ཁང་དང་སུའོ་དང་། མཐོ་རིམ་སློབ་གླིང་དང་སློབ་གྲྭའི་འབྱུང་ཁུངས་གསར་གཏོད་ཀྱི་གནས་བབ་ཇེ་ཆེར་གཏོང་བ་དང་བོད་ཀྱི་མཐོ་རིམ་ཞིབ་འཇུག་ཁང་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ། ས་མཐོའི་ཁྱད་ལྡན་ལེགས་ཆའི་རིག་ཚན་མགྱོགས་པོ་འཛུགས་པ་དང་གོ་རིམ་ལྟར་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་དང་འཚམ་པའི་ཆེད་ལས་ཁག་གཅིག་མང་དུ་གཏོང་བའམ་ལེགས་སྒྲིག་རིམ་སྤོར་བྱས་ཏེ། “རྩེ་གྲ་གཉིས”དང“མཐོ་གཉིས”གཏོད་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལས་རིགས་སློབ་གསོ་དང་སློབ་གསོ་དཀྱུས་མ་མཉམ་འདྲེས་དང་། ཐོན་སློབ་མཉམ་འདྲེས། ཚན་སློབ་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཚན་ཞིབ་ལས་ཁུངས་དང་། གསར་གཏོད་ལས་སྟེགས། ཚན་རྩལ་འཆར་འགོད་ཤེས་ལྡན་པ་བཅས་གཅིག་སྡུད་གསོ་སྐྱོང་གི་ནུས་པ་ཧུར་ཐག་འདོན་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྣེ་ཁྲིད་ཁེ་ལས་དང་རྐང་འཛིན་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་སྤེལ་སྒྲིག་གཞི་འཛུགས་པ། ཞིབ་སྤེལ་ཚོགས་པ་གསོ་སྐྱོང་བྱེད་པ། གསར་གཏོད་མནའ་འབྲེལ་འཛུགས་པ་བཅས་ལ་རྒྱབ་སྐྱོར་གྱིས“ཆེད་ཞིབ་ཁྱད་གསར”བཅས་ཀྱི་ཁེ་ལས་འབྲིང་ཆུང་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་གསར་གཏོད་ལག་ལེན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
23.མཚོ་བོད་ས་མཐོའི་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་གཏོད་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་ལ་མ་དངུལ་གཏོང་བའི་རྒྱབ་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་གདེང་འཇོག་མ་ལག་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ཚན་རྩལ་ལས་འགན་གལ་ཆེན་བཀོད་སྒྲིག་དང་ལག་བསྟར་མགྱོགས་པོ་བྱེད་པ། ཚོད་ལྟ་བྱེད་རིང་ཞིབ་དཔྱད་ར་སྤྲོད་ལས་སྟེགས་བསྐྲུན་པ། ས་མཐོར་འཚམ་པའི་འགག་རྩའི་ལྟེ་བའི་ལག་རྩལ་དང་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་དང་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་དང་གྲུབ་འབྲས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཧུར་ཐག་ཐུབ་པར་བྱེད་དགོས། ཚན་རྩལ་གྱི་རྨང་གཞིའི་ཆ་རྐྱེན་གཏོད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་རྒྱུའི་རེ་ཞུ་ཧུར་ཐག་འབུལ་བ། རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་ཀྱིས་བོད་དུ་ཉིང་ལག་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལག་རྩལ་གསར་གཏོད་ལྟེ་གནས་སོགས་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་རྟེན་གཞི་ཁག་གཅིག་འཆར་འགོད་བཀོད་སྒྲིག་བྱེད་དགོས། ཤེས་བྱའི་བདག་དབང་ཕྱོགས་བསྡུས་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས།
24.ཤེས་ལྡན་པའི་ལྗོངས་སྟོབས་ཆེན་འཛུགས་པར་སྐུལ་འདེད་གཏོང་དགོས། “ནང་འདྲེན་དང་། བེད་སྤྱོད་ཡག་པོ། སྐྱེད་སྲིང་། སྡོད་ཐུབ་པ”བཅས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། “ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་ལྟེ་བར་བྱས་པའི་རིམ་དབྱེའི་ཤེས་ལྡན་པ་གསོ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གསར་གཏོད་རྣམ་པ་དང་། ཉེར་སྤྱོད་རྣམ་པ། རྩལ་ནུས་རྣམ་པ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་པ་ནང་འདྲེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་མཐོ་བ་དང་། འཕྲལ་མཁོ། ཧ་ཅང་དཀོན་པ་བཅས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཤེས་ལྡན་པར་གདེང་འཇོག་བྱེད་པའི་ལམ་སྲོལ་ལེགས་སུ་གཏོང་བ། ཤེས་ལྡན་པར་ཞབས་འདེགས་ཞུ་བའི་འགན་སྲུང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།