《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
ལེའུ་ལྔ་པ། ཤིང་ནགས་གཅོད་འབྲེག
དོན་ཚན་སོ་བཞི་པ། ཚོང་ཟོག་ནགས་ཤིང་གཅོད་འབྲེག་བྱེད་མཁན་ཚན་པས་ལོ་གཅིག་གི་སྔོན་དུ་ས་གནས་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་གཅོད་འབྲེག་ཁུལ་དབྱེ་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་བ་དང་རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་སྙན་ཞུ་ཕུལ་ནས་ཞིབ་མཆན་ཐོབ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ནགས་ལས་ཞིབ་བཤེར་འཆར་འགོད་ཇུས་གཞིའི་འོས་བབ་ཚན་པས་བཏོན་པའི་གཅོད་ཁུལ་ཞིབ་བཤེར་ཇུས་འགོད་བྱས་འབྲས་གཞིར་བཟུང་གཅོད་འབྲེག་བྱེད་ཁུལ་དབྱེ་དགོས།
གཅོད་འབྲེག་གི་ལས་མཇུག་སྒྲིལ་རྗེས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཅོད་འབྲེག་བྱེད་ཁུལ་གྱི་ལས་ཀའི་སྤུས་ཚད་ལ་ཞིབ་བཤེར་རྩིས་ལེན་བྱེད་དགོས།
དོན་ཚན་སོ་ལྔ་པ། གཙང་ཆུའི་གཡས་གཡོན་དང་། མཚེའུ། ཆུ་འགོའི་སྲུང་སྐྱོབ་ཁུལ། ཆུ་མཛོད་ཀྱི་མཐའ་འཁོར། དེ་བཞིན་ལྕགས་ལམ་དང་གཞུང་ལམ་ཨ་མའི་གཡས་གཡོན་བཅས་ཀྱི་རི་ལྡེབ་ལ་ཡུལ་མི་སྒེར་གྱི་སྤྱོད་ཤིང་གཅོད་འབྲེག་ཁུལ་གཏན་ནས་དབྱེ་མི་ཆོག རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཡུལ་མི་སྒེར་གྱི་སྤྱོད་ཤིང་གཅོད་འབྲེག་བྱ་རྒྱུའི་ས་ཆ་དང་། ཤིང་སྣ། གཅོད་འབྲེག་བྱེད་སྟངས། དུས་ཚོད། གྲངས་ཚད། ལྟ་སྐུལ་བྱ་ཐབས་བཅས་གཏན་འཁེལ་གྱིས་དོ་དམ་བྱེད་དགོས།
དོན་ཚན་སོ་དྲུག་པ། ལོ་འཁོར་མའི་ཤིང་ཆའི་ཐོན་སྐྱེད་འཆར་གཞི་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་ལྟར་ལོ་འཁོར་མའི་ནགས་ཚལ་གཅོད་འབྲེག་གི་གྲངས་འབོར་བཞིན་བཟོ་དགོས་པ་ལས་གྲོང་ཁྱེར(ས་གནས)དང་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་འཆར་གཞི་ལས་བརྒལ་བའི་གཅོད་འབྲེག་འཁྲོལ་འཛིན་གཤམ་སྤྲོད་བྱེད་མི་ཆོག
དོན་ཚན་སོ་བདུན་པ། ནགས་ཚལ་དང་ནགས་ཤིང་གཅོད་འབྲེག་བྱ་རྒྱུ་དེ་ཚོང་ཟོག་ལ་བརྩིས་ནས་ཕྱིར་འཚོང་བྱེད་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་ལོ་འཁོར་མའི་ཤིང་ཆ་ཐོན་སྐྱེད་ཀྱི་འཆར་གཞིའི་ནང་འཁོད་ལྟར་ནགས་ཚལ་གཅོད་འབྲེག་འཁྲོལ་འཛིན་གྱི་གཏན་འབེབས་བཞིན་གཅོད་འབྲེག་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ནགས་ཤིང་གཅོད་འབྲེག་གི་འཁྲོལ་འཛིན་གཅིག་གྱུར་པར་འགྲེམས་བྱེད་དགོས་པ་དང་གཤམ་གསལ་གཏན་འབེབས་ཀྱི་དབང་ཚད་གཞིར་བཟུང་གཤམ་སྤྲོད་བྱེད་དགོས་པ་སྟེ།
(གཅིག)རང་བྱུང་ཚོང་ཟོག་ནགས་ཤིང་གཅོད་འབྲེག་བྱེད་མཁན་གྱི་ཚན་པ་དང་མི་སྒེར་གྱིས་ས་གནས་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་རེ་ཞུ་ཕུལ་ནས་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཤམ་སྤྲོད་བྱེད་དགོས།
(གཉིས)མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་ཚོང་ཟོག་ཤིང་ཆ་རྨིད་རྒྱ་དཔངས་གྲུ་བཞི་མ་100ཡན་གཅོད་འབྲེག་བྱ་རྒྱུའི་འཁྲོལ་འཛིན་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཤམ་སྤྲོད་བྱེད་དགོས། རྨིད་རྒྱ་དཔངས་གྲུ་བཞི་མ50ཡན་ནས་100མ་ལོངས་པའི་ཤིང་ཆ་གཅོད་འབྲེག་བྱ་རྒྱུའི་འཁྲོལ་འཛིན་དེ་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཤམ་སྤྲོད་བྱེད་དགོས། རྨིད་རྒྱ་དཔངས་གྲུ་བཞི་མ་50མན་གྱི་ཤིང་ཆ་གཅོད་འབྲེག་བྱ་རྒྱུའི་འཁྲོལ་འཛིན་དེ་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཤམ་སྤྲོད་བྱེད་དགོས།
(གསུམ)གཞུང་ལམ་དང་ལྕགས་ལམ་སོགས་སྡེ་ཚན་གྱིས་འདེབས་འཛུགས་བྱས་པའི་ལམ་སྐྱོར་དང་རགས་སྐྱོར་གྱི་ནགས་ཤིང་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་སྔོ་ལྗང་ཅན་དུ་གྱུར་བའི་ནགས་ཤིང་གི་རིགས་གསར་སྒྱུར་གཅོད་འབྲེག་བྱེད་དགོས་ཚེ། ནགས་ཤིང་གི་བདག་དབང་གཞིར་བཟུང་མ་འཇོག་གཙོ་འགན་ཚན་པས་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་རྗེས་གཤམ་སྤྲོད་བྱེད་དགོས།
(བཞི)ནགས་ཁུལ་གྱི་ཡུལ་མི་སྒེར་གྱི་སྤྱོད་ཤིང་གཅོད་འབྲེག་བྱ་རྒྱུའི་འཁྲོལ་འཛིན་དེ་ས་གནས་དེ་གའི་ཤང་རིམ་མི་དམངས་སྲིད་གཞུང་གི་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་རེ་ཞུ་ཕུལ་ནས་གཤམ་སྤྲོད་བྱེད་དགོས།
དོན་ཚན་སོ་དགུ་པ། གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུ་དང་། སྔོ་ལྗང་ཅན་དུ་འགྱུར་རྒྱུ། ཚན་ཞིབ་སློབ་ཁྲིད་ཀྱི་དགོས་མཁོ་བཅས་ཀྱི་རྐྱེན་པས་རི་སྐྱེས་ཤིང་སྣ་རྩ་སྤོས་རྒྱག་དགོས་ཚེ་གཤམ་གསལ་གཏན་འབེབས་ལྟར་འགྲོ་ལུགས་གཉེར་དགོས་པ་སྟེ།
(གཅིག)སྡོང་རྐང་99མན་རྩ་སྤོས་རྒྱག་རྒྱུའི་འཁྲོལ་འཛིན་དེར་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱི་ཞིབ་མཆན་ཐོབ་དགོས།
(གཉིས)སྡོང་རྐང་100ཡན་ནས་199མན་རྩ་སྤོས་རྒྱག་རྒྱུའི་འཁྲོལ་འཛིན་དེར་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱི་ཞིབ་མཆན་ཐོབ་དགོས།
(གསུམ)སྡོང་རྐང་200ཡན་རྩ་སྤོས་རྒྱག་དགོས་པའམ་ཡང་ན་རང་སྐྱོང་ལྗོངས་ནས་ས་ཆ་གཞན་དུ་རྩ་སྤོས་རྒྱག་རྒྱུའི་འཁྲོལ་འཛིན་དེར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱི་ཞིབ་མཆན་ཐོབ་དགོས།
རྩ་ཆེའི་ཤིང་སྣ་དང་གནའ་བོའི་གྲགས་ཅན་ཤིང་སྣའམ་ཡང་ན་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཤིང་སྣ་རྩ་སྤོས་རྒྱག་དགོས་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་ལག་བསྟར་བྱེད་དགོས།
དོན་ཚན་བཞི་བཅུ་པ། འཕྲོད་བསྟེན་ལ་མཁོ་བའི་ནགས་ཤིང་གཅོད་འབྲེག་བྱེད་དགོས་པ་ཕུད་གཤམ་གསལ་ས་ཁུལ་གྱི་ནགས་ཚལ་གཅོད་འབྲེག་བྱེད་རིགས་ནན་འགོག་བྱེད་དགོས་པ་སྟེ།
(གཅིག)ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྒྱ་མོ་རྔུལ་ཆུ། རྫ་ཆུ་བཅས་དང་དེ་བཞིན་དེའི་ཆུ་ཕྲན་གཡས་གཡོན་གྱི་རྨིད་200ནང་ཚུད་ཀྱི་ནགས་ཚལ་དང་།
(གཉིས)རྒྱལ་ལམ་དང་ཞིང་ལམ་གི་གཞུང་ལམ་ཨ་མའི་གཡས་གཡོན་རི་ལྡེབ་ཀྱི་ནགས་ཚལ་དང་། རྫོང་ལམ་གཡས་གཡོན་རྨིད་100ནང་ཚུད་ཀྱི་ནགས་ཚལ།
(གསུམ)རི་མཐོའི་ནགས་ཚལ་དབྱེ་མཚམས་རྒྱུད་དང་དེ་བཞིན་རྩྭ་རའི་འབྲེལ་མཚམས་ཀྱི་རྨིད་500ནང་ཚུད་ཀྱི་ནགས་ཚལ།
(བཞི)ཞིང་ཁའི་འགོག་སྲུང་ནགས་ཤིང་དང་། ས་ཆུ་སྲུང་འཛིན་ནགས་ཤིང་། རླུང་འགོག་བྱེ་སྲུང་ནགས་ཤིང་། ཆུ་རྩ་གསོ་འཁྱོངས་ནགས་ཤིང་། གྲམ་སྲུང་ནགས་ཤིང་། རྒྱལ་སྲུང་ནགས་ཤིང་། མཛེས་ལྗོངས་ནགས་ཤིང་སོགས།
(ལྔ)གཟར་ཚད་ཏུའུ་40ཡན་གྱི་ནགས་ཚལ།
(དྲུག)མ་ཤིང་ནགས་ཚལ་དང་། རྔོན་བཀག་ནགས་ཚལ། དེ་བཞིན་གྲོང་ཁྱེར་གྲོང་རྡལ་དང་ནགས་ལས་ཁེ་ལས་མཐའ་འཁོར་གྱི་ནགས་ཚལ།
(བདུན)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་དབྱེ་མཚམས་ཕྱེ་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་བཅས་སོ།
དོན་ཚན་ཞེ་གཅིག་པ། གཤམ་གསལ་གནས་ཚུལ་གྱི་གྲས་ཤིག་ཡོད་ཚེ། ཤིང་ཆ་གཅོད་འབྲེག་བྱ་རྒྱུའི་འཁྲོལ་འཛིན་སྤྲོད་མི་ཆོག་པ་སྟེ།
(གཅིག)སྤྱི་ཕན་ནགས་ཤིང་འདེབས་གསོའམ་ཡང་ན་གསར་སྒྱུར་མ་ཡིན་པའི་ཤིང་ཆ་གཅོད་འབྲེག་བྱེད་པ་དང་། རི་རྒྱ་བསྡམས་ནས་ཤིང་ཆ་གཅོད་འབྲེག་བྱེད་པ། ནགས་གསོའི་ཁུལ་དུ་ཤིང་ཆ་གཅོད་འབྲེག་བྱེད་པ་བཅས་ཀྱི་རིགས་དང་།
(གཉིས)ལོ་གོང་མར་གཅོད་འབྲེག་བྱས་རྗེས་ནགས་ཤིང་གསར་སྒྱུར་གྱི་ལས་འགན་སྒྲུབ་མེད་པའི་རིགས།
(གསུམ)ལོ་གོང་མར་ཤིང་ཆ་གང་བྱུང་དུ་གཅོད་འབྲེག་གི་ཚབས་ཆེའི་གྱོད་གཞི་ཐོན་པ་དང་ནགས་ཚལ་ལ་མེ་སྐྱོན་ཤོར་བའམ་ཡང་ན་ནགས་ཚལ་ལ་གཞི་རྒྱ་ཆེ་བའི་ནད་འབུ་དང་བྱི་བའི་གནོད་འཚེ་ཚབས་ཆེན་བྱུང་ཡང་འགོག་བཅོས་བྱ་ཐབས་སྤྱད་མེད་པའི་རིགས་བཅས།
དོན་ཚན་ཞེ་གཉིས་པ། ནགས་ཁུལ་དུ་ཤིང་ཆ་ཚོང་གཉེར་དང་ལས་སྣོན་བྱེད་མཁན་གྱི་ཚན་པ་དང་མི་སྒེར་གྱིས་ས་གནས་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་རེ་ཞུ་ཕུལ་སྐབས། ཤིང་ཆའི་ཡོང་ཁུངས་དང་། ཚོང་གཉེར་ལས་སྣོན་བྱེད་རྒྱ། སྣ་རིགས། དེ་བཞིན་དུས་ཚད་སོགས་འབྲེལ་ཡོད་ཡིག་ཆ་དང་ལག་ཁྱེར་གོང་འབུལ་ཞུ་དགོས། ས་གནས་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་དགོས། གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཞུ་ཡིག་འབྱོར་ཉིན་ནས་བཟུང་ཉིན་ཉི་ཤུའི་ནང་གཏན་འཁེལ་བྱེད་དགོས་པ་དང་། ཆོག་མཆན་སྤྲད་མེད་ཚེ་ཡིག་ཐོག་ནས་གནས་ལུགས་རྒྱུ་མཚན་ཤོད་དགོས།
ནགས་ལས་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཐོ་འགོད་བྱས་ནས་ཚོང་གཉེར་ལག་ཁྱེར་བླངས་རྗེས། གཞི་ནས་ཤིང་ཆ་ཚོང་གཉེར་དང་བཟོ་སྣོན་བྱས་ཆོག
ལེའུ་དྲུག་པ། ཤིང་ཆ་དབོར་འདྲེན་དང་དོ་དམ།
དོན་ཚན་ཞེ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཤིང་ཆ་འཁོར་རྒྱུག་བྱེད་ཁོངས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་ཞེ་བཞི་པ། ཤིང་ཆ་དབོར་འདྲེན་བྱེད་སྐབས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་སྤྲད་པའི་ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་དང་། ཤིང་ཆ་ཞིབ་བཤེར་དང་ནད་འབུ་བརྟག་དཔྱད་ཀྱི་འཛིན་ཡིག འཇལ་ཚད་ཞིབ་བཤེར་བྱེད་པའི་འཛིན་ཡིག གཏོང་སྤྲོད་འཛིན་ཡིག་བཅས་ཡོད་དགོས།
རང་སྐྱོང་ལྗོངས་ནས་ཤིང་ཆ་ཕྱིར་འདྲེན་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ནམ་ཡང་ན་དེའི་མངགས་བཅོལ་ཚན་པས་ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་སྤྲོད་དགོས་པ་དང་། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་ཤིང་ཆ་དབོར་འདྲེན་བྱེད་དགོས་ཚེ། ཤིང་ཆ་འདྲེན་གཏོང་བྱེད་སའི་ས་གནས་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱི་ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་སྤྲོད་དགོས།
དོན་ཚན་ཞེ་ལྔ་པ། ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་དོ་དམ་བྱེད་དགོས་ཤིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱི་ལོ་འཁོར་མའི་ཤིང་ཆ་ཐོན་སྐྱེད་བྱེད་པའི་འཆར་གཞི་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་ལེན་རེ་ཞུ་དགོས།
ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་ཞུ་མཁན་ཚན་པ་དང་མི་སྒེར་གྱིས་ནགས་ཤིང་གཅོད་འབྲེག་བྱས་ཆོག་པའི་འཁྲོལ་འཛིན་ནམ་ཡང་ན་ཁྲིམས་མཐུན་ཡོང་ཁུངས་ཀྱི་དཔང་ཡིག་འདོན་དགོས། ཆ་རྐྱེན་དང་མཐུན་ཚེ་ཞུ་ཡིག་བདག་སྤྲོད་བྱེད་མཁན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཞུ་ཡིག་འབྱོར་ཉིན་ནས་བཟུང་ལས་ཉིན་3ནང་ཚུན་དུ་ཤིང་ཆ་དབོར་འདྲེན་ཆོག་པའི་ལག་ཁྱེར་སྤྲོད་དགོས་པ་དང་ཆ་རྐྱེན་དང་མཐུན་མེད་ཚེ་ཞུ་ཡིག་འབྱོར་ཉིན་ནས་བཟུང་ལས་ཉིན་3ནང་ཚུན་དུ་ཞུ་ཡིག་འབུལ་མཁན་ལ་གནས་ལུགས་རྒྱུ་མཚན་ཤོད་དགོས།
ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་ནང་ཆོག་མཆན་སྤྲད་པའི་ཤིང་ཆ་དབོར་འདྲེན་ཆོག་པའི་ཚད་གཞི་དེ་ས་གནས་དེ་གའི་ཤིང་ཆ་ཐོན་སྐྱེད་བྱེད་པའི་འཆར་གཞིའི་ནང་གཏན་འབེབས་བྱས་པའི་ཤིང་ཆ་ཕྱིར་འཚོང་གི་སྤྱི་འབོར་ལས་བརྒལ་མི་ཆོག
དོན་ཚན་ཞེ་དྲུག་པ། ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་འཛུགས་རྒྱུ་དེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་འདོན་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་སྡེ་ཚན་གང་འདྲ་ཞིག་གིས་ཀྱང་རང་དགར་ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་འཛུགས་པ་དང་མེད་པ་བཟོ་བའམ་ཡང་ན་ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་ཀྱིས་གནས་ཡུལ་ལ་འགྱུར་བ་གཏོང་མི་ཆོག
དོན་ཚན་ཞེ་བདུན་པ། ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚིགས་ཀྱིས་ལག་ཁྱེར་མེད་པར་ཤིང་ཆ་དབོར་འདྲེན་བྱེད་རིགས་ངེས་པར་དུ་བཀག་འགོག་བྱས་ནས་ལག་ཁྱེར་མེད་པར་དབོར་བའི་ཤིང་ཆ་གནས་སྐབས་བཀག་ཉར་བྱས་ཆོག་པ་དང་འབྲེལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚིགས་ཀྱིས་ཤིང་ཆ་བཀག་ཉར་བྱེད་སྐབས་ངེས་པར་དུ་ཤིང་ཆ་བཀག་ཉར་ལག་ཁྱེར་སྟོན་དགོས་པ་དང་འབྲེལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཐག་གཅོད་བྱེད་དགོས། བཀག་ཉར་བྱས་པའི་ཤིང་ཆ་རྣམས་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རང་འཚམ་གྱིས་ཐག་གཅོད་དང་། བརྗེ་བ། འཕྲོ་བརླག་གཏོང་བ་བཅས་བྱེད་མི་ཆོག
དོན་ཚན་ཞེ་དགུ་པ། ཤིང་ཆ་ཞིབ་བཤེར་བྱེད་མཁན་མི་གཉིས་ཡན་གྱིས་དུས་གཅིག་ཏུ་ཁྲིམས་སྒྱུར་བྱེད་དགོས་པ་དང་། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་འགན་འཁྲི་བསྒྲུབས་ནས་རང་འགུལ་ངང་ནགས་ལས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལག་ཁྱེར་བཏོན་དགོས་པ་དང་། ཁྲིམས་གཏན་འཁེལ་བའི་གོ་རིམ་བཞིན་འགན་འཁྲི་སྒྲུབ་དགོས།
ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་དེ་ཁྲིམས་མཐུན་ནུས་ལྡན་དང་། འགྲོ་ལུགས་ཆ་ཚང་། དངོས་ཟོག་དང་འཛིན་ཡིག་ཆ་མཚུངས་པ་བཅས་ཡོད་ཚེ་ཤིང་ཆ(ནགས་ལས)ཞིབ་བཤེར་བྱེད་མཁན་གྱིས་དུས་ཐོག་ཏུ་ཤིང་ཆ་དབོར་འདྲེན་བྱེད་དུ་འཇུག་པ་ལས་གང་བྱུང་དུ་ཞིབ་བཤེར་བྱེད་རྒྱ་ཆེ་རུ་གཏོང་བའམ་ཡང་ན་ཟོག་བདག་དང་དབོར་འདྲེན་བྱེད་མཁན་ལ་རྐང་བཙུགས་ནས་རྙོག་དྲ་བཟོ་མི་ཆོག་ལ། ལྐོག་རྔན་ལེན་པ་དང་བསྙད་འདོགས་རྒྱུ་འཕྲོག་གམ་ཡང་ན་ཤིང་ཆ་དབོར་འདྲེན་དོ་དམ་བྱེད་ཕྱོགས་ཀྱི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་ཤིང་ཆ་དབོར་འདྲེན་བྱེད་དུ་འཇུག་མི་ཆོག
དོན་ཚན་ལྔ་བཅུ་པ། ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་ཀྱིས་ཞིབ་བཤེར་བྱེད་ཁོངས་དང་། རྣམ་གྲངས། གཏན་འབེབས་ཀྱི་འགྲོ་གྲོན་ཚད་གཞི། ཆད་གཅོད་ཀྱི་གཞི་འཛིན་ས་བཅས་ཡོངས་བསྒྲགས་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཏོགས་ཁོངས་ཀྱི་ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རིམ་ཁག་མི་དམངས་སྲིད་གཞུང་ལྟ་ཞིབ་སྡེ་ཚན་གྱིས་ངེས་པར་དུ་ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་ཀྱི་ཁྲིམས་སྒྱུར་ལ་ལྟ་སྐུལ་བྱེད་དགོས།
དོན་ཚན་ང་གཅིག་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མར་ཤིང་ཆ་དབོར་འདྲེན་གྱི་དོ་དམ་ལས་འགལ་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱེད་དབང་ཡོད་པ་དང་། ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཐེར་འདོན་བྱེད་མཁན་གྱི་གསང་བ་སྲུང་དགོས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ང་གཉིས་པ། བྱ་ཐབས་འདིའི་དོན་ཚན་སོ་དགུ་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་འབྲེལ་སྔར་བཞིན་བསྐྱར་བཟོ་བྱེད་དུ་འཇུག་དགོས། སྔར་བཞིན་བསྐྱར་བཟོ་མ་བྱས་ཚེ། རྩ་སྤོས་བརྒྱབ་པའི་སྡོང་རྐང་གཞུང་བཞེས་གཏོང་དགོས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་དགོས་པ་དང་ཆབས་ཅིག་ཁྲིམས་འགལ་ལས་ཐོབ་པའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་འགེལ་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་ན་སྒོར་ལྔ་བརྒྱ་ཡན་ནས་སུམ་སྟོང་མན་གྱི་དངུལ་ཆད་འགེལ་དགོས།
དོན་ཚན་ང་གསུམ་པ། བྱ་ཐབས་འདི་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཤམ་གསལ་གཏན་འབེབས་ལྟར་ཆད་པ་གཅོད་དགོས་ཤིང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་སྟེ།
(གཅིག)ཤིང་ཆ་དབོར་འདྲེན་ཆོག་པའི་ལག་ཁྱེར་མེད་པའི་དབོར་འདྲེན་བྱེད་མཁན་ཚན་པ་དང་མི་སྒེར་ལ་ཤིང་ཆའི་རིན་གོང་གི་10%ཡན་ནས་30%མན་གྱི་དངུལ་ཆད་གཅོད་ཆོག
(གཉིས)དབོར་འདྲེན་བྱེད་པའི་ཤིང་སྣ་དང་། ཤིང་རྒྱུའི་རིགས། ཚད་གཞི། གྲངས་ཚད་བཅས་ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་དང་ཚད་འཇལ་འཛིན་ཤོག་ཐོག་འཁོད་པ་དང་མ་མཐུན་ཚེ་དེའི་ཚད་དང་མ་མཐུན་པའི་ཤིང་ཆ་གཞུང་བཞེས་གཏོང་རྒྱུ།
(གསུམ)རྫུན་བཟོ་དང་བྲིས་སུབ་བཏང་བའམ་ཡང་ན་ལྐོག་ཚོང་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱ་ཐབས་ལ་བརྟེན་ནས་ཤིང་ཆ་དབོར་འདྲེན་ཆོག་པའི་ལག་ཁྱེར་རག་པ་བྱས་ཏེ་ཤིང་ཆ་དབོར་འདྲེན་བྱས་ཚེ་ཤིང་ཆ་དབོར་འདྲེན་གྱི་ལག་ཁྱེར་བསྡུ་རྒྱུ་དང་ཤིང་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་ཤིང་ཆའི་རིན་གོང་གི་20%ཡན་ནས་40%མན་གྱི་དངུལ་ཆད་གཅོད་རྒྱུ།
(བཞི)བཙན་ཤེད་ཀྱིས་འགག་སྒོ་སྒྲོལ་ནས་ཤིང་ཆ་དབོར་འདྲེན་བྱེད་རིགས་ཤིང་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་ཤིང་བྱའི་རིན་གོང་གི་30%ཡན་ནས་50%མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་ང་བཞི་པ། ནགས་ལས་གཙོ་འགན་སྡེ་ཚན་དང་དེའི་ལས་བྱར་གཤམ་གསལ་བྱེད་སྤྱོད་ཀྱི་གྲས་ཞིག་ཡོད་ཚེ། གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་འཁྲི་ཡོད་མཁན་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་བདེད་གཏོང་རྒྱུ་སྟེ།
(གཅིག)ལོ་འཁོར་གྱི་ནགས་ཚལ་གཅོད་འབྲེག་གི་བཅད་གྲངས་ལས་བརྒལ་ཏེ་ཤིང་ཆ་ཐོན་སྐྱེད་ཀྱི་འཆར་གཞི་གཤམ་སྤེལ་བྱས་རིགས།
(གཉིས)ལོ་འཁོར་གྱི་ཤིང་ཆ་གཅོད་འབྲེག་གི་བཅད་གྲངས་ལས་བརྒལ་ཏེ་ནགས་ཤིང་གཅོད་འབྲེག་ཆོག་པའི་ལག་ཁྱེར་སྤྲོད་རིགས།
(གསུམ)དབང་ཚད་ལས་བརྒལ་ནས་ཤིང་ཆ་གཅོད་འབྲེག་ཆོག་པའི་ལག་ཁྱེར་དང་ཤིང་ཆ་དབོར་འདྲེན་ཆོག་པའི་ལག་ཁྱེར་སྤྲོད་རིགས།
(བཞི)གཏོགས་ཁོངས་ཀྱི་ནགས་ཚལ་ཚོང་གཉེར་ཚན་པས་ཤིང་ཆ་གང་བྱུང་གཅོད་འབྲེག་བྱེད་རིགས་རྒྱ་ཡན་དུ་གཏོང་བ་དང་འགེབས་སྲུང་བྱེད་རིགས།
(ལྔ)གཏན་འབེབས་དང་མཐུན་པའི་ཞུ་དོན་ཁག་ལ་རྐང་བཙུགས་ནས་རྙོག་དྲ་བཟོ་བ་དང་། ནར་འགྱངས་གཏོང་བ། གཏན་འབེབས་ཀྱི་དུས་བཀག་ནང་འགྲོ་ལུགས་མ་གཉེར་བ་བཅས་ཀྱི་རིགས།
(དྲུག)རྐང་བཙུགས་སམ་ཡང་ན་ཚབས་ཆེའི་འགན་འཛོལ་བྱུང་རྐྱེན། སྲིད་འཛིན་ལས་ཁུངས་ནས་གྱོང་གུན་སྐྱིན་ཚབ་འཇལ་དགོས་རིགས།
(བདུན)འགན་དབང་བེད་སྤྱད་ནས་ཤིང་ཆ་ཚོང་གཉེར་གྱི་བྱེད་སྒོའི་ནང་ཞུགས་རིགས།
(བརྒྱད)ལོ་འཁོར་གྱི་ནགས་ཚལ་མེ་སྐྱོན་དང་། ནགས་ཚལ་གྱི་ནད་འབུ་དང་བྱི་བའི་གནོད་འཚེ་འགོག་བཅོས་ཡག་པོ་མ་བྱས་པར་གྱོང་གུན་ཚབས་ཆེན་བཟོ་རིགས།
(དགུ)འགན་དབང་གང་བྱུང་དུ་སྤྱད་དེ་བསྙད་འདོགས་རྒྱུ་འཕྲོག་བྱེད་པའི་བྱེད་སྤྱོད་གཞན་དག་བཅས།
དོན་ཚན་ང་ལྔ་པ། ཤིང་ཆ(ནགས་ལས)ཞིབ་བཤེར་ས་ཚུགས་ཀྱི་ཁྲིམས་སྒྱུར་ལས་བྱར་གཤམ་གསལ་བྱེད་སྤྱོད་ཀྱི་གྲས་ཤིག་ཡོད་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།
(གཅིག)དབང་ཚད་ལས་བརྒལ་ནས་ཤིང་ཆ་བཀག་ཉར་བྱེད་རིགས།
(གཉིས)ཞིབ་བཤེར་བྱེད་ཁོངས་རང་འཚམ་གྱིས་ཆེ་རུ་གཏོང་རིགས།
(གསུམ)ཞིབ་བཤེར་བྱེད་སའི་དོ་བདག་ལ་རྐང་བཙུགས་ནས་རྙོག་དྲ་བཟོ་བ་དང་། དབང་ཚད་ལས་བརྒལ་བའམ་ཡང་ན་ཁྲིམས་འགལ་ཐོག་བཙན་ཤེད་ཀྱིས་ཞིབ་བཤེར་བྱེད་རིགས།
(བཞི)རྐང་བཙུགས་སམ་ཡང་ན་ཚབས་ཆེའི་འགན་འཛོལ་བྱུང་རྐྱེན་ལས་སྲིད་འཛིན་ལས་ཁུངས་ཀྱིས་གྱོང་གུན་སྐྱིན་ཚབ་འཇལ་དགོས་རིགས།
(ལྔ)ལྐོག་རྔན་ལེན་པ་དང་བསྙད་འདོགས་རྒྱུ་འཕྲོག་བྱེད་པའམ་ཡང་ན་ཤིང་ཆ་དབོར་འདྲེན་གྱི་དོ་དམ་གཏན་འབེབས་ལས་འགལ་ནས་རང་འཚམ་གྱིས་ཤིང་ཆ་དབོར་མཁན་གློད་རིགས།
(དྲུག)འགན་དབང་ལ་བརྟེན་ནས་ཤིང་ཆ་ཚོང་གཉེར་གྱི་བྱེད་སྒོར་ཞུགས་པའམ་ཡང་ན་ཆད་འགེལ་དང་གཞུང་བཞེས་བཏང་བའི་དངོས་ཟོག་སྒེར་ལ་བགོས་རིགས།
(བདུན)ཁྲིམས་འགལ་བྱེད་སྤྱོད་གཞན་དག་བཅས།
དོན་ཚན་ང་དྲུག་པ། བྱ་ཐབས་འདིའི་དོན་ཚན་ཞེ་གཉིས་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་བ་དང་ཆོག་མཆན་མ་ཐོབ་པར་ནགས་ཁུལ་དུ་རང་འཚམ་གྱིས་ཤིང་ཆ་ཚོང་གཉེར་དང་བཟོ་སྣོན་བྱེད་མཁན་ཚན་པ་དང་མི་སྒེར་གྱི་ཁྲིམས་འགལ་ཚོང་གཉེར་བྱས་པའི་ཤིང་ཆ་དང་ཁྲིམས་འགལ་ཐོབ་ཆ་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ནས་ལྡབ་གཉིས་ཀྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་ང་བདུན་པ། ནགས་ཚལ་སྔོ་ཁེབས་ཀྱི་སླར་གསོའི་གྲོན་དངུལ་དང་ནགས་གསོའི་ཐེབས་རྩའི་དངུལ་སྒེར་སྤྱོད་བྱེད་རིགས་ཐད་ཀར་འགན་འཁྲི་འཁུར་མཁན་ཡོད་སའི་ཚན་པའམ་ཡང་ན་དེའི་གོང་རིམ་གཙོ་འགན་སྡེ་ཚན་གྱིས་ཚུར་ལེན་དགོས་པ་མ་ཟད། ཐད་ཀར་འགན་འཁྲི་ཡོད་མཁན་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ང་བརྒྱད་པ། ནགས་སྲུང་བ་དང་ཤིང་ཆ(ནགས་ལས)ཞིབ་བཤེར་པས་གཞུང་དོན་སྒྲུབ་སྐབས། འཇིགས་སྐུལ་དང་ཉེས་རྡུང་གཏོང་བ་སོགས་ལ་བརྟེན་ནས་འགོག་རྐྱེན་བཟོས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ང་དགུ་པ། བྱ་ཐབས་འདིའི་གཏན་འབེབས་གཞན་དང་། ནགས་ཚལ་བཅའ་ཁྲིམས། དེ་བཞིན་ལག་བསྟར་སྲོལ་ཡིག་གི་འབྲེལ་ཡོད་ཆད་གཅོད་བྱ་ཐབས་བཅས་དང་འགལ་ཚེ། གཏན་འབེབས་འདི་བཞིན་ཐག་གཅོད་བྱ་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་དྲུག་ཅུ་པ། བྱ་ཐབས་འདིའི་ནང་འཁོད་པའི“ཤིང་ཆ” ཞེས་པ་ནི་མ་བཅོས་ཤིང་ཆ་དང་། ཤིང་གཤགས་མ། སྨྱུག་མ། ཤིང་ལེབ། ལྕམ་ཤིང་། གཤག་རྒྱུའི་ཤིང་བཅས་ཡིན།
དོན་ཚན་རེ་གཅིག་པ། བྱ་ཐབས་འདི་2006ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
འབྲེལ་ཡོད་གསར་འགྱུར།