《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(2006ལོའི་ཟླ་6ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང་〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ནགས་ཚལ་སྲུང་སྐྱོབ།
ལེའུ་གསུམ་པ། ཤིང་འཛུགས་ནགས་བཟོ།
ལེའུ་བཞི་པ། ཤིང་ནགས་གཉེར་སྐྱོང་དོ་དམ།
ལེའུ་ལྔ་པ། ཤིང་ནགས་གཅོད་འབྲེག
ལེའུ་དྲུག་པ། ཤིང་ཆ་དབོར་འདྲེན་དང་དོ་དམ།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་སུ་ནགས་ཚལ་དང་ནགས་ཤིང་འདེབས་འཛུགས་དང་གཅོད་འབྲེག་བེད་སྤྱོད་བྱེད་པ་དང་། ནགས་ཚལ་དང་། ནགས་ཤིང་། ནགས་ས་བཅས་ཚོང་གཉེར་དོ་དམ་གྱི་བྱེད་སྒོ་སྤེལ་མཁན་གྱིས་བྱ་ཐབས་འདིར་བརྩི་སྲུང་ཞུ་དགོས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་ནགས་ལས་འཛུགས་སྐྱོང་བྱེད་པར་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་དང་སྐྱེ་ཁམས་ཕན་འབྲས་སྔོན་དུ་དམ་འཛིན་བྱེད་པའི་རྒྱུན་མཐུད་གོང་འཕེལ་གྱི་མཛད་ཕྱོགས་ལག་བསྟར་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་དང་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་བའི་བླང་བྱ་གཞིར་བཟུང་ནགས་ལས་ཀྱི་དུས་འབྲིང་དང་དུས་རིང་གི་གོང་འཕེལ་འཆར་འགོད་བཟོས་ཏེ་ནགས་ལས་འཛུགས་སྐྱོང་ཐད་གཏོང་ཆ་མང་དུ་བཏང་ནས་ནགས་ལས་ཀྱི་ཚན་རིག་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་། སྔོན་ཐོན་ཚན་རིག་ལག་རྩལ་ཁྱབ་གདལ་བཏང་སྟེ་ནགས་ལས་ཚན་རྩལ་གྱི་ཆུ་ཚད་གོང་མཐོར་གཏོང་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་ཐོན་ཁུངས་གྲོན་ཆུང་དང་དོ་དམ་བྱེད་པའི་མ་ལག་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ནགས་ལས་སྒྲུབ་འགན་འཁུར་དགོས།
ནགས་ཚལ་ཐོན་ཁུངས་ཡོད་པའི་ཤང(གྲོང་རྡལ)ནགས་ལས་ས་ཚིགས་ཀྱིས་ཤང(གྲོང་རྡལ)དེ་གའི་ནགས་ལས་སྒྲུབ་འགན་འཁུར་རྒྱུ་དང་། ནགས་ལས་ས་ཚིགས་བཙུགས་མེད་པའི་ཤང(གྲོང་རྡལ)ལ་ཆེད་མིའམ་ཡང་ན་གཅིག་ལྕོག་འགན་འཁུར་བ་བསྐོ་སྒྲིག་བྱས་ཏེ་ནགས་ལས་སྒྲུབ་འགན་འཁུར་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱི་གཙོ་གནད་ནགས་ཁུལ་ཡོད་སའི་གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནགས་ལས་དོ་དམ་ལས་ཁུངས་དང་ཁྲིམས་སྒྱུར་ལས་ཁུངས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱའི་སྒྲིག་གྲངས་དང་ལས་ཀའི་འགྲོ་གྲོན་འགན་ལེན་བྱེད་དགོས།
ནགས་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་དབྱེ་མཚམས་ཕྱེ་ནས་གཏན་འཁེལ་དགོས།
དོན་ཚན་བདུན་པ། ནགས་ལས་འཛུགས་སྐྱོང་ལ་སྲིད་འཛིན་འགོ་འཛིན་གྱི་འགན་ཡུན་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་དོན་ཚན་པ་དང་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དེ་ལས་བྱེད་པའི་ལས་རྗེས་དཔྱད་ཞིབ་དང་། བསྐོ་སྤྱོད། བྱ་དགའ་ཆད་གཅོད་བཅས་ཀྱི་གཞི་འཛིན་ས་གཙོ་བོར་བརྩི་དགོས།
ལེའུ་གཉིས་པ། ནགས་ཚལ་སྲུང་སྐྱོབ།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་བྱུང་ས་རྒྱུད་འདྲ་མིན་གྱི་དཔེར་མཚོན་ནགས་ཚལ་སྐྱེ་ཁམས་ས་ཁུལ་དང་། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སྐྱེ་འཕེལ་བྱེད་སའི་ནགས་ཁུལ། དེ་བཞིན་དམིགས་བསལ་གྱི་སྲུང་སྐྱོང་བྱེད་རིན་ཡོད་པའི་རང་བྱུང་ནགས་ཁུལ་གཞན་དག་བཅས་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕྱེས་ནས་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སོ་སོའི་སྲིད་འཛིན་ས་ཁོངས་སུ་རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་ཁྱབ་ཚུལ་ལ་གཞིགས་ནས་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་བ་དང་། ནགས་ཚལ་གཅོད་འབྲེག་མི་ཆོག་པའི་ཁུལ་དང་གཅོད་འབྲེག་ཚད་བཀག་ཁུལ་དབྱེ་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་མེད་ཀྱང་རྩ་ཆེའི་ཤིང་སྣ་དང་དམིགས་བསལ་རིན་ཐང་ཡོད་པའི་རྩི་ཤིང་ཐོན་ཁུངས་ཀྱི་འདུས་ཆེའི་ཁུལ་དེ་དག་ལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏན་འབེབབ་གཞིར་བཟུང་སྲུང་སྐྱོབ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་རྩ་ཆེའི་ཤིང་སྣའི་དཀར་ཆག་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ཁྱབ་བསྒྲགས་བྱེད་དགོས།
ནགས་ཚལ་དང་། གཤེར་ས། སྐམ་ས་བཅས་ཀྱི་བདག་མེད་སྲོག་ཆགས་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་། གཞུང་ཁོངས་ནགས་ར། སྡོང་ཕྲུག་ར་བ། ནགས་གླིང་སོགས་ཀྱི་ནགས་ལས་ཚན་པའི་ཁོངས་གཏོགས་ཀྱི་འབྲེལ་བར་འགྱུར་ལྡོག་གཏོང་དགོས་པའམ་ཡང་ན་དེའི་ཚོང་གཉེར་བྱེད་པའི་ནགས་སའི་རྒྱ་ཁྱོན་ལ་འགྱུར་བ་གཏོང་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ནས་ཞིབ་བཤེར་མོས་མཐུན་བྱས་རྗེས་འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་གཉེར་དགོས།
དོན་ཚན་དགུ་པ། ནགས་གླིང་བཟོ་འཛུགས་བྱེད་པར་ཕྱོགས་ཡོངས་ནས་འཆར་འགོད་བཟོ་དགོས་པ་དང་། ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱེད་སྐབས་ལག་བསྟར་བྱེད་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་བཟོས་ནས་སྲུང་སྐྱོབ་བྱེད་ཐབས་སྤྱོད་དགོས།
རང་སྐྱོང་ལྗོངས་རིམ་པའི་ནགས་གླིང་བཟོ་སྐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་མཆན་ཞུ་དགོས། རྒྱལ་ཁབ་རིམ་པའི་ནགས་གླིང་བཟོ་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཤམ་གསལ་ཤིང་སོན་ཐོན་ཁུངས་ཀྱི་སྲུང་སྐྱོབ་བྱེད་ཁོངས་དབྱེ་བ་དང་སྲུང་སྐྱོབ་ཀྱི་མཚོན་རྟགས་འཛུགས་དགོས་པ་སྟེ།
(གཅིག)རྩ་ཆེ་བ་དང་སྟོངས་ཉེན་ཡོད་པའི་ཤིང་སོན་ཐོན་ཁུངས།
(གཉིས)སྤུས་ལེགས་ཤིང་སོན་འདེབས་སྐྱོང་ར་བ་དང་། ཤིང་སོན་ར་བ། མ་ཤིང་ཚལ། རང་སྐྱོང་ལྗོངས་རིམ་པའི་སོན་རྩ་འཚོལ་བསྡུའི་རྟེན་གཞི་བཅས།
(གསུམ)སྤུས་ལེགས་ཤིང་སྣ་དང་སྤུས་ལེགས་སོན་རྩའི་ཐོན་ཁུངས།
(བཞི)ས་ཆ་གཞན་དག་ནས་འཚོལ་བསྡུ་བྱས་པའི་ཤིང་སོན་ཐོན་ཁུངས།
(ལྔ)དམིགས་བསལ་རིན་ཐང་ཡོད་པའི་ཤིང་སོན་ཐོན་ཁུངས་གཞན་དག་བཅས།
དོན་ཚན་བཅུ་གཅིག་པ། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཞིབ་མཆན་དབང་ཚད་ལྟར་ཆོག་མཆན་སྤྲད་པ་ཕུད་སྡེ་ཚན་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་གཤམ་གསལ་བྱེད་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།
(གཅིག)ནགས་ས་བསྡུ་སྤྱོད་དང་ཧམ་བཟུང་བྱེད་རིགས་དང་།
(གཉིས)ནགས་ཁུལ་དུ་ཤིང་ཆ་ཚོང་གཉེར་དང་བཟོ་སྣོན་བྱེད་རིགས།
(གསུམ)དམིགས་བསལ་གྱི་རིན་ཐང་ཡོད་པའི་ཤིང་ཆ(རྩི་ཤིང་མ་དཔེ)འཚོལ་བསྡུ་བྱེད་རིགས།
(བཞི)ནགས་ཚལ་གྱི་མེ་སྐྱོན་འགོག་རིང་རི་ཐང་དུ་མེ་སྤྱོད་རིགས་བཅས།
ཤིང་གསར་བཙུགས་ཁུལ་དང་དམིགས་བསལ་མཁོ་སྤྱོད་ནགས་ཁུལ་དུ་མེ་ཤིང་གཅོད་འབྲེག་དང་ཕྱུགས་འཚོ་བའི་རིགས་བྱེད་མི་ཆོག
དོན་ཚན་བཅུ་གཉིས་པ། ལོ་ལྟར་ཟླ་11ཚེས་15ནས་ཕྱི་ལོའི་ཟླ་5ཚེས་31བར་ནི་ནགས་ཚལ་མེ་ཟོན་གྱི་དུས་ཚོད་ཡིན་པ་དང་། དེའི་ནང་ཟླ་12ཚེས་15ནས་ཕྱི་ལོའི་ཟླ་4ཚེས་30ཉིན་ནི་ནགས་ཚལ་མེ་ཟོན་གྱི་དམ་བསྒྲགས་དུས་ཚོད་ཡིན།
ནགས་ཚལ་མེ་ཟོན་དམ་བསྒྲགས་བྱེད་རིང་ནགས་ཁུལ་རི་ཐང་དུ་མེ་སྤྱོད་རིགས་ནན་འགོག་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱི་གཙོ་གནད་ནགས་ཁུལ་ཡོད་སའི་གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ཚན་པ་དང་ས་གནས་དེ་གར་བཅའ་སྡོད་དམག་དཔུང་སྒྲིག་འཛུགས་བྱས་ནས་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་བཙུགས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་མེ་ཟོན་ལས་དོན་སྒྲུབ་འགན་འཁུར་དགོས། སྲིད་འཛིན་ཁུལ་འབྲེལ་མཚམས་ཀྱི་ནགས་ཁུལ་དུ་ད་དུང་ནགས་ཚལ་མེ་འགོག་རྩ་འཛུགས་བཙུགས་ཏེ་མཉམ་འགོག་ས་ཁོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་འགན་འཁུར་དགོས།
དོན་ཚན་བཅུ་བཞི་པ། ཚན་པ་དང་མི་སྒེར་ཚང་མས་ནགས་ཚལ་ལ་མེ་སྐྱོན་ཐོན་པ་ཤེས་སྐབས་ངེས་པར་དུ་ལམ་སེང་བྱ་ཐབས་ནུས་ལྡན་སྤྱོད་དགོས་པ་མ་ཟད་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ“སྔོན་འགོག་གཙོར་བཟུང་དང་ཕྱོགས་བསྡུས་བཅོས་སྐྱོང”གི་མཛད་ཕྱོགས་ལྟར་ནགས་ཚལ་གྱི་ནད་འབུ་དང་བྱི་བའི་གནོད་འཚེའི་འགོག་བཅོས་ལས་དོན་སྤེལ་དུ་འཇུག་དགོས།
ནགས་ཚལ་གྱི་ནད་འབུ་དང་བྱི་བའི་གནོད་འཚེ་འགོག་བཅོས་བྱེད་སྐབས“སུས་གཉེར་སྐྱོང་བྱས་ན་དེས་འགོག་བཅོས”བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས།
སྡེ་ཚན་དང་མི་སྒེར་གྱིས་ནགས་ཚལ་གྱི་ནད་འབུ་དང་བྱི་བའི་གནོད་འཚེ་ཚབས་ཆེན་ཐོན་པ་ཤེས་ཚེ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་ནགས་ལས་གཙོ་འགན་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་ནགས་ལས་གཙོ་འགན་སྡེ་ཚན་གྱིས་སྙན་ཞུ་འབྱོར་རྗེས་དུས་ཐོག་ཏུ་གནོད་སྐྱོན་མེད་པ་བཟོ་རུ་འཇུག་དགོས་པ་དང་ཆབས་ཅིག་རིམ་པ་བཞིན་གོང་རིམ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་གློ་བུར་དང་ཉེན་ཆེའི་རང་བཞིན་གྱི་ནད་འབུ་དང་བྱི་བའི་གནོད་འཚེའི་ནད་ཡམས་ཁྱབ་ཆེ་སར་ནགས་ཚལ་རྩི་ཤིང་གི་ནད་ཡམས་འགོག་བཅོས་ས་ཚུགས་བཙུགས་ཏེ་ནད་ཡམས་སྔོན་འགོག་དང་བཀག་སྡོམ་བྱས་ནས་རྒྱ་ཆེར་མ་ཁྱབ་པ་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཤིང་སོན་གྱི་ནད་ཡམས་འགོག་བཅོས་བྱ་ཡུལ་གཏན་འཁེལ་བྱེད་འགན་འཁུར་ཏེ་ནད་ཡམས་ཁུལ་དང་སྲུང་སྐྱོབ་ཁུལ་དབྱེ་འབྱེད་ལུགས་མཐུན་བྱས་ནས་ཤིང་སོན་གྱི་ནད་ཡམས་བརྟག་དཔྱད་ཡག་པོ་བྱེད་དགོས།
དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཤིང་གྲོང་ཆུང་བྱ་རྒྱུའི་འཆར་གཞི་བཟོས་ཏེ་ཤིང་ཚབ་ཐོན་རྫས་སྤྱོད་རྒྱུར་སྐུལ་མ་བཏང་ནས་ཐོན་ཁུངས་གཞན་གྱིས་ཤིང་ཆའི་ཚབ་བྱ་རྒྱུའི་ལས་ཀར་ཤུགས་སྣོན་རྒྱག་དགོས།
ལེའུ་གསུམ་པ། ཤིང་འཛུགས་ནགས་བཟོ།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་བླང་བྱ་ལྟར་ས་བབ་དང་བསྟུན་ནས་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་ཁེབས་རྒྱ་ཆེ་རུ་གཏོང་བའི་དམིགས་ཚད་གཏན་འཁེལ་གྱིས་ཤིང་འཛུགས་ནགས་བཟོའི་འཆར་འགོད་བཟོས་ཏེ་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་དགུ་པ། ཤིང་འཛུགས་ནགས་བཟོ་ནི་སྤྱི་དམངས་ཡོངས་ཀྱིས་སྒྲུབ་དགོས་ངེས་ཀྱི་འོས་འགན་ཡིན་པས་རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམངས་ཡོངས་སྒྲིག་འཛུགས་བྱས་ནས་འོས་འགན་ཤིང་འཛུགས་དང་། ནགས་ཤིང་གི་གྲུབ་ཆ་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་དགོས།
དོན་ཚན་ཉི་ཤུ་པ། ཤིང་འཛུགས་ནགས་བཟོ་བྱེད་སྐབས་ལག་རྩལ་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་ཤིང་། ཚན་རིག་དང་མཐུན་པའི་ནགས་བཟོ་བྱས་ནས་སྡོང་ཕྲུག་ནགས་ཚལ་གསོ་འཕེལ་དང་། དོ་དམ། སྲུང་སྐྱོབ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ནགས་ཤིང་གསོན་ཚད་མཐོ་རུ་གཏོང་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཤིང་འཛུགས་ནགས་བཟོའི་ལག་རྩལ་གྱི་སྒྲིག་སྲོལ་ལ་གཞིགས་ནས་ནགས་ཤིང་འདེབས་འཛུགས་བྱས་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གི་སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་མ་དངུལ་བཏང་སྟེ་ནགས་བཟོ་དང་ནགས་ཚལ་ཚོང་གཉེར་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། མ་དངུལ་གཏོང་མཁན་ཚོང་གཉེར་པའི་ལུགས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།
དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ནགས་ལས་ཐོན་སྐྱེད་བྱེད་མཁན་ཚན་པ་དང་མི་སྒེར་ལ་སོན་བཟང་བེད་སྤྱོདབྱེད་པར་སྐུལ་མ་གཏོང་དགོས་པ་དང་། སོན་བཟང་འདེམས་གསོ་དང་། ཐོན་སྐྱེད། ཚོང་གཉེར། དེ་བཞིན་ཁྱབ་གདལ་བཅས་བྱ་རྒྱུར་རོགས་སྐྱོར་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཤིང་འཛུགས་ནགས་བཟོའི་འཆར་འགོད་གཞིར་བཟུང་ས་གནས་དེ་གར་དམིགས་པ་དང་། ས་གནས་དེ་གར་འཕྲོད་པ། སྤུས་ཚད་འགན་ལེན་བཅས་ཀྱི་རྩ་དོན་ལྟར་ཤིང་སོན་འདེབས་འཛུགས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་དགོས།
ནགས་ཚལ་ཚོང་གཉེར་ཚན་པ་དང་མི་སྒེར་གྱིས་ས་བབ་དང་བསྟུན་ནས་སྤུས་ལེགས་མྱུར་སྐྱེས་ཐུབ་པའི་ཤིང་སྣ་དང་ཡུལ་དེ་གའི་ཤིང་སྣ་འདེམས་སྒྲུག་དང་། རྩ་ཆེའི་ཤིང་སྣ་འདེབས་གསོ། སོན་བཟང་གསོ་སྤེལ་གྱི་རྟེན་གཞི་འཛུགས་པ། སོན་བཟང་གི་ལྗང་བུ་གསོ་སྤེལ་བཅས་བྱས་ཏེ་སོན་བཟང་ཅན་གྱི་ནགས་ཤིང་དུ་རིམ་པས་འགྱུར་བ་བྱེད་དགོས།
ལེའུ་བཞི་པ། ཤིང་ནགས་གཉེར་སྐྱོང་དོ་དམ།
དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཟོ་སྐབས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུའི་སྐྱེ་ཁམས་ཁོར་ཡུག་ལེགས་སྐྱོང་བྱ་རྒྱུའི་བླང་བྱ་བཞིན་ནགས་ལས་ཀྱི་ས་ཆ་འདང་ངེས་ཉར་འཇོག་བྱེད་དགོས།
དོན་ཚན་ཉེར་བཞི་པ། ནགས་ཚལ་དེ་སྤྱི་ཕན་ནགས་ཚལ་དང་ཚོང་ཟོག་ནགས་ཚལ་གཉིས་སུ་ཕྱེས་ཏེ་ཚོང་གཉེར་དོ་དམ་བྱེད་དགོས།
སྤྱི་ཕན་ནགས་ཚལ་ལ་འགོག་སྲུང་ནགས་ཤིང་དང་དམིགས་བསལ་སྤྱོད་འཐུས་ནགས་ཤིང་གཉིས་ཡོད་ཅིང་། དེ་རིམ་ཁག་མི་དམངས་སྲིད་གཞུང་གིས་དོ་དམ་དང་སྲུང་སྐྱོབ་བྱེད་དགོས། ཚོང་ཟོག་ནགས་ཤིང་ཁོངས་སུ་ཤིང་ཆ་དང་། དཔལ་འབྱོར་ནགས་ཤིང་། སོལ་བ་བཟོ་བྱེད་ཀྱི་ནགས་ཤིང་བཅས་ཚུད་ཡོད་པ་དེ་ཚོང་གཉེར་པས་ཁྲིམས་ལྟར་ཚོང་གཉེར་བྱ་རྒྱུ་དང་སྲིད་གཞུང་གིས་དེར་རོགས་སྐྱོར་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་སུ་ནགས་ཚལ་དོ་དམ་ལས་ཁུངས་ཀྱིས་གཞུང་ཁོངས་ནགས་ཚལ་ཐོན་ཁུངས་ལ་དོ་དམ་བྱེད་པའི་འགན་ནུས་བསྒྲུབ་དགོས་པ་དང་། མཉམ་སྡེབ་བམ་ཡང་ན་མི་སྒེར་ལ་བདག་པའི་ནགས་ཤིང་དེ“སུས་མ་དངུལ་བཏང་ན་དེར་བདག་པའི”རྩ་དོན་ལག་བསྟར་བྱེད་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་ནང་ཁོངས་ཀྱི་གཞུང་ཁོངས་ནགས་ཚལ་དང་། ནགས་ཤིང་། ནགས་ས་བཅས་དང་། མཉམ་སྡེབ་ལ་དབང་བའི་མི་བཟོས་ནགས་ཤིང་དང་ནགས་ས། དེ་བཞིན་མི་སྒེར་ལ་བདག་པའི་ནགས་ཤིང་དང་དེས་སྤྱོད་པའི་ནགས་ས་བཅས་རྫོང་རིམ་ཡན་གྱི་མི་དམངས་སྲིང་གཞུང་གིས་ཐོ་འགོད་ལག་དེབ་བཟོས་ཏེ་ནགས་ཚལ་བདག་དབང་ལག་ཁྱེར་སྤྲོད་དགོས།
དོན་ཚན་ཉེར་བདུན་པ། ནགས་ཚལ་བདག་དབང་ཐོ་འགོད་བྱེད་སྐབས་གཤམ་གསལ་གྱི་ཡིག་ཆ་ཁག་མཁོ་འདོན་བྱེད་དགོས་པ་སྟེ།
(གཅིག)ནགས་ཚལ་བདག་དབང་ཞུ་བའི་ཐོ་འགོད་རེའུ་མིག
(གཉིས)མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་པའི་ཐོབ་ཐང་ལག་ཁྱེར། ཁྲིམས་ཚན་གྱི་ཁྲིམས་གཏན་འཁེལ་བའི་འཐུས་ཚབ་པའམ་ཡང་ན་འགན་འཁུར་བའི་ཐོབ་ཐང་ལག་ཁྱེར། ཁྲིམས་གཏན་འཁེལ་བའི་ངོ་ཚབ་པའམ་ཡང་ན་མངགས་བཅོལ་ངོ་ཚབ་པའི་ཐོབ་ཐང་ལག་ཁྱེར། དེ་བཞིན་མངགས་བཅོལ་བྱས་པའི་དོན་གནད་དང་དབང་ཚད་གསལ་འཁོད་ཀྱི་མངགས་བཅོལ་ཡིག་ཆ།
(གསུམ)ཐོ་འགོད་རེ་ཞུ་བྱེད་པའི་ནགས་ཚལ་དང་ནགས་ཤིང་། དེ་བཞིན་ནགས་སའི་དབང་ཁོངས་བཅས་ཀྱི་ངོ་སྤྲོད་ཡིག་ཆ་བཅས།
དོན་ཚན་ཉེར་བརྒྱད་པ། ནགས་ཚལ་བདག་དབང་ལ་འགྱུར་བ་འགྲོ་བའམ་ཡང་ན་ནགས་ས་ཁྲིམས་ལྟར་བསྡུ་སྤྱོད་དང་། རྒྱུ་མཚན་གཞན་དག་གིས་རྐྱེན་པས་ནགས་ས་རྩ་གཏོར་སོང་རིགས་དེ་སྔའི་ནགས་ཚལ་གྱི་བདག་དབང་ཡོད་མཁན་གྱིས་ཐོག་མའི་ཐོ་འགོད་བྱེད་སའི་ལས་ཁུངས་ལ་ཐོ་འགོད་བརྗེ་སྒྱུར་རམ་ཡང་ན་ཐོ་བསུབ་རྒྱུའི་རེ་བ་ཞུ་དགོས་པ་མ་ཟད། གཤམ་གསལ་གྱི་ཡིག་ཆ་མཁོ་འདོན་བྱེད་དགོས་པ་སྟེ།
(གཅིག)ནགས་ཚལ་བདག་དབང་ཞུ་བའི་ཐོ་འགོད་རེའུ་མིག
(གཉིས)ནགས་ཚལ་བདག་དབང་ལག་ཁྱེར།
(གསུམ)ནགས་ཚལ་བདག་དབང་ཁྲིམས་ལྟར་བརྗེ་སྒྱུར་རམ་ཡང་ན་རྩ་གཏོར་སོང་བའི་ངོ་སྤྲོད་ཡིག་ཆ།
དོན་ཚན་ཉེར་དགུ་པ། ནགས་ཤིང་དང་ནགས་སའི་བདག་དབང་ངམ་ཡང་ན་སྤྱོད་དབང་ཐད་རྩོད་གཞི་བྱུང་སྐབས་གཤམ་གསལ་གྱི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས་པ་སྟེ།
(གཅིག)མི་སྒེར་དབར་དང་། མི་སྒེར་དང་ཚན་པའི་དབར་རྩོད་རྙོག་བྱུང་སྐབས་ས་གནས་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་ངམ་ཡང་ན་ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས།
(གཉིས)ཚན་པའི་དབར་རྩོད་རྙོག་བྱུང་སྐབས་ཚན་པའི་གཏོགས་ཁོངས་ཀྱི་འབྲེལ་བ་ལྟར་དེའི་ཁོངས་གཏོགས་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས།
(གསུམ)སྲིད་འཛིན་ས་ཁོངས་བརྒལ་བའི་རྩོད་རྙོག་རིགས་ཐུན་མོང་གི་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ནས་ཐག་གཅོད་བྱེད་དགོས།
དོན་ཚན་སུམ་ཅུ་པ། རྩྭ་ཐང་གི་ལག་ཁྱེར་དང་ས་ཞིང་གི་ལག་ཁྱེར་། དེ་བཞིན་ནགས་ཚལ་གྱི་བདག་དབང་ལག་ཁྱེར་བསྐྱར་དུ་སྤྲད་ནས་ནགས་ཤིང་དང་ནགས་སའི་གཏོགས་དབང་དང་ས་ཞིང་བེད་སྤྱོད་བྱེད་ཕྱོགས་ཐད་རྩོད་རྙོག་བྱུང་རིགས་གཤམ་གསལ་གྱི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས་པ་སྟེ།
(གཅིག)མི་དམངས་སྲིད་གཞུང་དེས་ལག་ཁྱེར་བསྐྱར་དུ་སྤྲད་པའི་རྐྱེན་གྱིས་རྩོད་གཞི་བྱུང་རིགས་མི་དམངས་སྲིད་གཞུང་དེ་གས་ཐག་གཅོད་བྱེད་དགོས།
(གཉིས)གོང་འོག་མི་དམངས་སྲིད་གཞུང་གིས་ལག་ཁྱེར་བསྐྱར་དུ་སྤྲད་པའི་རྐྱེན་གྱིས་རྩོད་རྙོག་བྱུང་རིགས་གོང་རིམ་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས།
ནགས་ཚལ་དང་ནགས་ཤིང་གི་རྩོད་རྙོག་ཐག་གཅོད་མ་བྱས་གོང་ཕྱོགས་སུ་ཞིག་གིས་ཀྱང་རྩོད་གཞི་ཡོད་སའི་ནགས་ཤིང་གཅོད་འབྲེག་བྱེད་མི་ཆོག་ལ་ནགས་ས་བེད་སྤྱོད་བྱས་པའི་ད་ཡོད་གནས་ཚུལ་ལ་འགྱུར་བ་གཏོང་མི་ཆོག
དོན་ཚན་སོ་གཅིག་པ། གཏེར་ཁ་རྩད་ཞིབ་སྔོག་འདོན་དང་། འགྲོ་ལམ་དང་། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་ལས་གྲྭའི་བཟོ་སྐྲུན་ཐད་ནགས་ས་བཟུང་སྤྱོད་དམ་ཡང་ན་བསྡུ་སྤྱོད་བྱེད་དགོས་རིགས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་གྱི་ཞིབ་བཤེར་མོས་མཐུན་ཐོབ་རྗེས་འབྲེལ་ཡོད་གཏན་འབེབས་བཞིན་འཛུགས་སྐྲུན་ས་ཆའི་ཞིབ་མཆན་འགྲོ་ལུགས་གཉེར་དགོས།
ནགས་ས་བསྡུ་སྤྱོད་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལྟར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་སྡེ་ཚན་ལ་ནགས་ཚལ་སྔོ་ཁེབས་བསྐྱར་གསོའི་གྲོན་དངུལ་སྤྲོད་དགོས། ནགས་ཚལ་སྔོ་ཁེབས་བསྐྱར་གསོའི་གྲོན་དངུལ་དེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་ཤིང་། དེ་ཡང་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཤིང་འཛུགས་ནགས་བཟོ་དང་ནགས་ཚལ་སྔོ་ཁེབས་ཀྱི་བསྐྱར་བཟོའི་ལས་ཀ་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་དགོས། ཚན་པ་དང་མི་སྒེར་གང་འདྲ་ཞིག་གིས་ཀྱང་ནགས་ཚལ་སྔོ་ཁེབས་ཀྱི་བསྐྱར་གསོའི་གྲོན་དངུལ་གཞན་སྤྱོད་བྱེད་མི་ཆོག
ནགས་ས་བསྡུ་སྤྱོད་ཀྱི་ཆོག་མཆན་ཐོབ་མེད་ན། འབྲེལ་ཡོད་ནགས་ལས་གཙོ་འགན་སྡེ་ཚན་གྱིས་ཆོག་མཆན་ཐོབ་མེད་པའི་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན་7ནང་ཚུན་དུ་ནགས་ཚལ་སྔོ་ཁེབས་ཀྱི་བསྐྱར་གསོའི་གྲོན་དངུལ་གྲངས་ཚང་ཕྱིར་སློག་བྱེད་དགོས།
དོན་ཚན་སོ་གཉིས་པ། ནགས་ས་སྤྱོད་མཁན་ཚན་པས་ཁྲིམས་བཞིན་ཆོག་མཆན་ཐོབ་ནས་བཟུང་སྤྱོད་དམ་ཡང་ན་བསྡུ་སྤྱོད་བྱས་པའི་ནགས་སའི་ཐོག་གི་ནགས་ཤིང་གཅོད་འབྲེག་བྱེད་དགོས་ཚེ། རང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་འགན་སྡེ་ཚན་དུ་ནགས་ཤིང་གཅོད་འབྲེག་གི་འཕྲོས་འཛིན་ཞུ་རྒྱུའི་འགྲོ་ལུགས་གཉེར་དགོས་པ་དང་། གཅོད་འབྲེག་བྱས་པའི་ནགས་ཤིང་དེ་ལོ་འཁོར་གྱི་ནགས་ཚལ་གཅོད་འབྲེག་གི་ཚད་བཀག་གྲངས་ཁོངས་སུ་འཇུག་དགོས།
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་ཀྱི་གཙོ་གནད་ནགས་ཁུལ་ཡོད་སའི་གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ནགས་ལས་ཐོན་ལས་གོང་འཕེལ་གྱི་འཆར་འགོད་བཟོ་འགོད་བྱེད་དགོས་པ་དང་། ཤ་མོ་རིགས་དང་། རི་སྐྱེས་སྔོ་ཚལ། སྨན་རྒྱུ་སོགས་ནགས་ཁྲོད་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས།
ནགས་འབྲོག་འབྲེལ་མཚམས་ཁུལ་དུ་ནགས་ལས་གཉེར་སྐྱོང་བྱ་རྒྱུའི་དོན་དངོས་ལ་དམིགས་ནས་སྲུང་སྐྱོབ་གཙོར་བཟུང་གིས་ནགས་ཁྲོད་སྤང་རྩྭ་བེད་སྤྱོད་ལུགས་མཐུན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།