དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་བུ་ཕྲུག་ལ་རིན་པ་མི་དགོས་པར་ལག་རྩལ་བསླབ་རྒྱུའི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-31

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་ལས་བྱུང་བའི་དཀའ་ངལ་ཁྱད་དུ་གསོད་པར་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། མི་སྒེར་དང་ཚོགས་པའི་རོགས་སྐྱོར་ཡང་དགོས། ཕྱོགས་གཅིག་ལ་དཀའ་ངལ་བྱུང་ཚེ། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། དེར་བརྟེན། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས་རང་ནུས་གང་ཡོད་ཀྱིས་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་བུ་ཕྲུག་ལ་རིན་པ་མི་དགོས་པར་ལག་རྩལ་བསླབ་རྒྱུ་ཡིན།

    རོགས་སྐྱོར་གྱི་ནང་དོན།  གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དང་ལྷ་རྩེ་རྫོང་སོགས་ས་ཡོམ་ཁྲོད་གནོད་འཚེ་ཕོག་བའི་ཁྱིམ་ཚང་གི་བུ་ཕྲུག་10ལྷག་ཙམ་ལ་རིན་པ་མི་དགོས་པར་ཐང་ཁ་འབྲི་བ་དང་། ལྡེབས་རིས་འབྲི་བ། བོད་ལུགས་ཚོན་གཏོང་བ་སོགས་སྲོལ་རྒྱུན་རི་མོ་སློབ་སྦྱོང་བྱེད་པའི་སྟེགས་བུ་མཁོ་འདོན་བྱས་ཏེ། ལག་རྩལ་ལ་བརྟེན་ནས་ལས་ཞུགས་ཐུབ་པ་དང་སྲོལ་རྒྱུན་མཛེས་རྩལ་གྱི་ཕུལ་བྱུང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས། ཆ་རྐྱེན་དང་མཐུན་པའི་སློབ་མར་སློབ་ཡོན་སོགས་འགྲོ་གྲོན་གང་ཡང་མི་བསྡུ་བ་མ་ཟད། ཁ་ལག་དང་། ཉལ་ཁང་། སློབ་ཁྲིད་ཀྱི་ཟད་གྲོན་སོགས་རིན་མེད་ངང་མཁོ་འདོན་བྱས་ཏེ་ཁོང་ཚོའི་གཞི་རྩའི་འཚོ་བ་དང་སློབ་སྦྱོང་གི་དགོས་མཁོ་བསྐང་རྒྱུ་ཡིན།

    རོགས་སྐྱོར་གྱི་དུས་ཡུན།  སློབ་མས་ལག་རྩལ་ཁོང་དུ་ཆུད་པའི་ཚད་གཞི་གཞིར་བཟུང་རིན་མེད་ངང་ལག་རྩལ་སློབ་ཁྲིད་ལོ་4ནས་ལོ་6བར་བྱེད་རྒྱུ་ཡིན།

    མིང་ཐོ་འགོད་པར་ཚང་དགོས་པའི་དཔྱདགཞི།   མིང་ཐོ་འགོད་མཁན་སློབ་མས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་རྒྱབ་མདུན་གཉིས་ཀའི་པར་སློག་དང་། དེ་བཞིན་གཞིས་རྩེའི་ས་ཡོམ་རིམ་པ་6.8ནང་གནོད་འཚེ་ཕོག་ཁུལ་ས་གནས་དེ་གའི་ཤང་མི་དམངས་སྲིད་གཞུང་དང་ཁོངས་གཏོགས་རྫོང་དམངས་སྲིད་ཅུས་སོགས་སྡེ་ཚན་གྱིས་བྲིས་པའི་འབྲེལ་ཡོད་དཔང་ཡིག་ཁྱེར་ན་ཆོག

    མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ་2ཚེས་1ཉིན་ནས་2025ལོའི་ཟླ་3ཚེས་1ཉིན་བར་ཡིན།

    འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6833777

    བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས།

    2025ལོའི་ཟླ་1ཚེས་27ཉིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།