ཧྲང་ཧའེ་མཐོ་འབྲིང་སློབ་མ་ཞིག་གིས་དིང་རིའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་སྒོར་ཁྲི་12གྲབས་གསོག་བྱས་པ།
ཟླ་1ཚེས་7ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས་གནོད་འཚེ་འདིས་རྒྱལ་ཡོངས་མི་དམངས་ཚང་མའི་སེམས་ལ་ཤུགས་རྐྱེན་ཐེབས་ཡོད། ལེ་དབར་སྟོང་གི་ཆོད་པའི་ཧྲང་ཧའེ་ཝེན་ཆེའི་ཧུད་ཏན་མཐོ་འབྲིང་ལོ་རིམ་11ཡི་སློབ་མ་ཝང་རུའ་ཡོའོ་ཡིས་འབྲེལ་ཡོད་གནོད་འཚེའི་གསར་འགྱུར་མཐོང་རྗེས་སེམས་ནང་དངངས་སྐྲག་ཆེན་པོ་བྱུང་ནས་འཕྲལ་དུ་སློབ་གྲྭའི་སྟེགས་བུ་དང་མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སོགས་རྒྱུད་ལམ་སྣ་ཚོགས་ཐོག་“བརྩེ་བ་རྒྱུད་སྤྲོད་བྱེད། གཞིས་རྩེ་ཤུགས་རྒྱོབ”ཞེས་པའི་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད། ཉིན་ལྔ་ལས་མ་འགོར་བར་སྤྱི་ཚོགས་ལས་རིགས་ཁག་གི་སེམས་བཟང་ཅན་ཚོས་ཞལ་འདེབས་བརྒྱབ་པས། སྒོར་ཁྲི་12ཉེ་བའི་གེགས་སེལ་དངུལ་དང་། དེ་བཞིན་སྟོད་གོས་དང་། མལ་ཆས། དྲོད་སྲུང་གློག་ཆས་སོགས་ཀྱི་དངོས་ཟོག་གྲབས་གསོག་བྱས་པས། གེགས་སེལ་རོགས་སྐྱོབ་ཀྱི་དངོས་ཟོག་དེ་དག་ཧྲང་ཧའེ་བྱམས་སེམས་ཐེབས་རྩ་ཚོགས་པ་བརྒྱུད་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་བ་རེད།
འདི་ནི་2024ལོའི་དབྱར་གསེང་དུ་ཝང་རུའ་ཡོའོ་(གཡོན)བོད་དུ་ཡུལ་སྐོར་བྱེད་རིང་གཞིས་རྩེར་རི་བོ་ཇོ་མོ་གླང་མའི་འདབས་སུ་དྲན་རྟེན་གྱི་པར་བརྒྱབ་པ།
ས་ཡོམ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བས་ཁེངས་ཡོད།ཞལ་འདེབས་བྱེད་སྒོ་སྤེལ་བའི་དང་ཐོག་མའི་བསམ་པའི་ཀུན་སློང་སྐོར་གླེང་བས་ཝང་རུའ་ཡོའོ་ཡིས་“ན་ནིང་དབྱར་ཁའི་གུང་གསེང་དུ་ང་རང་སློབ་གྲྭས་སྒྲིག་འཛུགས་བྱས་པའི་བོད་དུ་ཡུལ་སྐོར་ལ་བསྐྱོད་པའི་བྱེད་སྒོར་ཞུགས་ནས་གཞིས་རྩེར་ཕྱིན་པ་ཡིན།ས་དེ་གར་རང་བྱུང་གི་མཛེས་པ་ཉམས་སུ་མྱོང་རྒྱུ་ཡོང་ལ། མི་ཡུལ་ཁམས་འདིའི་བརྩེ་བ་ཟབ་མོ་ཚོར་བྱུང་ལྷག་པར་དུ་ཡུལ་དེ་གའི་མི་རྣམས་ཀྱི་ལྷག་བསམ་ཟོལ་མེད་དང་སེམས་རྩ་འཁོལ་པོ་ཡོད་པ་ཚོར་བྱུང་། ས་ཡོམ་བརྒྱབ་རྗེས་དེ་སྔོན་གཞིས་རྩེར་བྱུང་བའི་ངའི་སེམས་ནང་གི་དྲན་ཤེས་དྲོན་མོ་དེ་དག་གིས་ང་རང་ལ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚོར་རོགས་རམ་བྱེད་འདོད་པའི་བསམ་པ་ཤུགས་རྐྱེན་སྐྱེས་བྱུང་བས། ངས་ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་རྒྱུའི་སེམས་ཐག་གཅད་པ་ཡིན”ཞེས་བཤད།
དང་ཐོག་མར་གྲབས་གསོག་བྱེད་སྒོ་སྤེལ་དུས་ཝང་རུའ་ཡོའོ་ཡིས་བསམ་བློ་མང་པོ་བཏང་མེད་པར།ཁོ་པས་རང་ནུས་ཅི་ལྕོགས་ཀྱིས་ས་ཡོམ་གནོད་འཚེའི་ཁུལ་དུ་དྲོ་སྐྱིད་སྦྱིན་འདོད་པ་ཙམ་ཡིན་པ་རེད། “ངའི་བསམ་པར་ལས་གང་ཡིན་རུང་གང་ལྟར་དེ་བསྒྲུབ་པར་ཕྱིན་ན་བཟང་།མི་ཚང་མས་གཅེས་སེམས་འབུལ་བའི་མཚམས་སུ་རང་ཉིད་ལའང་ཕན་པ་ཐོབ་ཡོད་པར་ང་ལ་ཡིད་ཆེས་ཡོད”ཅེས་ཝང་རུའ་ཡོའོ་ཡིས་བཤད།
བསོད་ནམས་དབང་འདུས་ཀྱིས་སྒྱུར། ཚེ་བརྟན་རྡོ་རྗེས་ཞུས།