རོགས་སྐྱོར་གྱི་འོད་སྣང་གཅིག་ཏུ་བསྒྲིལ་ནས་ཕྱོགས་བཞིར་འཕྲོ་བར་བྱེད།
ཟླ་1ཚེས་8ཉིན་གྱི་དགོང་མོར། བོད་ལྗོངས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་ཞིག་གི་སྨི་30ཡི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་ཞིག་གི་ཝ་600ཡི་གློག་ཤུགས་ཆེ་བའི་གློག་སྒྲོན་གྱིས་མཚན་མོའི་མུན་ནག་གསལ་བར་བྱས་ཡོད།
ཀྲེ་ཅང་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པའི་མི་མེད་གནམ་གྲུའི་རོགས་སྐྱོབ་རུ་ཁག་གི་རུ་མི་ཝང་ཧྲེང་དབང་གིས“སྐུད་པ་གཅིག་འཐེན་ཚེ་མི་མེད་གནམ་གྲུ་རེས་སྨི་ངོས་གྲུ་6000ནས་8000བར་གྱི་ས་ཁོངས་ལ་རྒྱུན་མཐུད་གློག་འོད་འཕྲོ་ཐུབ”ཅེས་བཤད།
ས་མཐོའི་གྲང་ངར་ཆེ་བའི་མཚན་མོར་གློག་འོད་ནི་དྲོ་སྐྱིད་དང་རེ་བ་ཞིག་རེད།
འཚོལ་ཞིབ་དང་། སྲོག་སྐྱོབ། མྱུར་བཟོ། བཀོད་སྒྲིག་བཅས། བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་གསར་འགོད་པས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་མང་པོ་མཐོང་བ་དང་། “དེ་སྔ་རོགས་རམ་ཐོབ་མྱོང་བས་མི་གཞན་ལའང་རོགས་རམ་བྱེད་འདོད་ཡོད་པའི”མི་གཤིས་ཀྱི་ཕན་པ་ཚོར་བ། “ཡོམ་འགོག་གེགས་སེལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པའི”སྟོབས་ཤུགས་ཆེན་པོའི་བདེན་དཔང་བྱེད་བཞིན་ཡོད།
རོགས་རམ་ཐོབ་པ།
རོགས་རམ་གྱི་འོད་ཟེར་སྣ་ཚོགས་ཀྱིས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།
ཉེན་ཁའི་མདུན་དུ་རོགས་སྐྱོར་གྱི་འོད་སྣང་གིས་རེ་བ་མཚོན་གྱི་ཡོད།
ཞིག་རོའི་ཁྲོད་དུ་འཚོལ་སྒྲོན་གྱིས་ཚེ་སྲོག་ལ་འོད་སྣང་སྦྱིན། ས་ཡོམ་བརྒྱབ་རྗེས་ཀྱི་མཚན་དང་པོར། བོད་དམག་ཁུལ་ཁང་གི་ཐོན་ཤོག་ག་གེ་མོ་ཞིག་གི་དཔོན་དམག་གིས་རྒྱུན་ཆད་མེད་པར་ལྷུང་བའི་རྡོ་ཧྲུག་འོག་འཚོལ་སྒྲོན་འཁྱེར་ཏེ་ཉེན་གྱར་མང་ཚོགས་ཕྱོགས་ཡོངས་ནས་འཚོལ་བཤེར་བྱས། ཉེན་ཁ་ལས་ཐར་བའི་རྒན་རྒོན་ཞིག་གིས་འགྱོགས་བྱམས་ཐོག་ནས་མི་དམངས་བུ་ཕྲུག་དམག་གི་ལག་ནས་དམ་པོར་བཟུང་སྟེ། “ཐུགས་རྗེ་ཆེ”ཡང་ཡང་ཞུས།
གཞུང་ལམ་ཐོག་རླངས་འཁོར་གྱི་གློག་སྒྲོན་གྱིས“སྲོག་ཐིག”བསྲུངས། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གཉིས་པའི་ཐོ་རེངས། གཡག་ཡེ་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་གཞིས་རྩེ་བར་གྱི་དུམ་བུ་དང་། རྒྱལ་ལམ་318ལྷ་ས་ནས་དིང་རི་བར་གྱི་དུམ་བུར་རླངས་འཁོར་རྒྱུན་ཆད་མེད་པར་འགྲོ་འོང་བྱེད་བཞིན་བཟའ་བཅའ་དང་། འཐུང་བྱ། སྲིང་བལ་གྱི་གྱོན་ཆས། དྲོད་ཐབ་སོགས་རོགས་སྐྱོབ་དངོས་ཟོག་ཕྱོགས་བཞི་མཚམས་བརྒྱད་ནས་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་བཞིན་ཡོད།“ཚང་མས་གཅེས་སེམས་དངོས་པོ་བསྐྱལ་ནས་ང་ཚོའི་གཞི་རྩའི་འཚོ་བ་འགན་སྲུང་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲང་མཚོ་ཤང་དགུ་རུམ་གྲོང་ཚོའི་ལོ་66ལ་སླེབས་པའི་བགྲེས་སོང་དབང་རྒྱལ་གྱིས་ཐུགས་རྗེ་ཆེ་ཡང་ཡང་ཞུས།
གཤགས་བཅོས་ཁང་དུ་གཤགས་བཅོས་གློག་སྒྲོན་གྱིས་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་ཡོད། དིང་རི་རྫོང་ལྟེ་བའི་སྨན་ཁང་གི་གནས་སྐབས་ནད་ཁང་དུ་ཡུལ་མི་བློ་བཟང་རྒྱལ་མཚན་གྱིས“ཁང་པ་ལོག་ནས་ང་འོག་ཏུ་མནན་བྱུང་། གཅུང་པོས་ང་སྐྱོབ་སྐབས་མི་རིང་བའི་སར་གློག་སྒྲོན་དམར་པོ་འོད་འཕྲོ་བ་མཐོང་སྐབས་མྱུར་སྐྱོབ་རླངས་འཁོར་ཡོང་བ་ཤེས་ནས་སེམས་ལྷོད་ལ་བབས་སོང་། གཤགས་བཅོས་ཚར་བས་ད་ལྟ་ངས་གང་མགྱོགས་བདེ་ཐང་ཡོང་བ་བྱས་ནས་ཕ་ཡུལ་བསྐྱར་སྐྲུན་ནང་ཞུགས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བཤད།
རོགས་རམ་བྱེད་པ།
དེ་སྔ་རོགས་རམ་ཐོབ་མྱོང་བས་མི་གཞན་ལའང་རོགས་རམ་བྱེད་འདོད།
རོགས་རམ་གྱི་འོད་སྣང་ཚང་མ་ནི་རེ་བ་དང་སྟོབས་ཤུགས་ཡིན། དིང་རི་རྫོང་མཚོ་སྒང་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་གསར་འགོད་པར་རོགས་སྐྱོབ་དངོས་ཟོག་གཏོང་སྤྲོད་བྱེད་པར་བྲེལ་བའི་དབང་པོ་སྐྱོན་ཅན་བསྟན་འཛིན་དངོས་གྲུབ་འཕྲད་སྐབས་ཁོང་གི་གྱོན་གོས་ཐལ་རྡུལ་གྱིས་ཁེངས་འདུག
“ཁྱོད་རང་སེམས་ཁྲལ་མ་བྱེད། མེ་ཟོན་རོགས་སྐྱོབ་མི་སྣས་ཁྱོད་ཀྱི་རྒྱུ་ནོར་འདོན་རོགས་བྱེད་ངེས་རེད”ཅེས་བསྟན་འཛིན་དངོས་གྲུབ་ཀྱིས་ཁ་པར་ནས་ཡུལ་མི་ཞིག་ལ་སེམས་གསོ་གཏོང་བཞིན་འདུག
འཁྲིས་སུ་ཡོད་པའི་ལས་དོན་མི་སྣས་གསར་འགོད་པར“ཁོང་འདི་གར་སྐྱེས་པ་དང་སེམས་རྩ་འཁོལ་ལ་མི་བདེན་པ་བདེན་ཐུབ་ཅིག་ཡིན་པས། སུར་དོན་དག་ཡོད་ཀྱང་ཁོང་འཚོལ་འདོད་བྱེད་ཀྱི་ཡོད”ཅེས་བཤད།
བསྟན་འཛིན་དངོས་གྲུབ་ལྷན་སྐྱེས་ཀྱི་དབང་པོ་སྐྱོན་ཅན་ཡིན་པས་གཟུགས་པོ་རྒྱུན་ལྡན་གྱི་མི་ལས་ཆུང་བ་ཡོད། ཏང་དང་སྲིད་གཞུང་གི་རོགས་རམ་འོག་རིམ་བཞིན་ལས་གཏོད་ཀྱི་སྣེ་ཁྲིད་པར་གྱུར་ཞིང་། ཁོང་གི་ལས་བཟོ་བཅུ་ཆ་བདུན་ནི་དབང་པོ་སྐྱོན་ཅན་ཡིན་པ་རེད།
ས་ཡོམ་བརྒྱབ་རྗེས། བསྟན་འཛིན་དངོས་གྲུབ་ཀྱིས་འཕྲལ་མར་སྲིང་བལ་ཉལ་ཆས་3000དང་། གུར་100 སྟབས་བདེའི་ཐུག་པ་སྒམ་6000བཅས་འཁྱེར་ཏེ་གཞིས་རྩེ་ནས་ཕ་ཡུལ་ཕྱོགས་སུ་ཐོན། ཁོང་དང་མཉམ་དུ་ད་དུང་རང་འགུལ་ངང་གེགས་སེལ་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་ལས་མི་56ཡོད་པ་རེད།
“རོགས་སྐྱོབ་ནང་ཞུགས་པའི་ལས་བཟོ་20%ཙམ་ནི་དབང་པོ་སྐྱོན་ཅན་རེད”ཅེས་བསྟན་འཛིན་དངོས་གྲུབ་ཀྱིས་སྐད་ཆའི་བར་གསེང་དུ་གསར་འགོད་པར་ཤོད་སྐབས་ཡོམ་འཕྲོ་ཞིག་བརྒྱབ་པ་དང་ཡོམ་ཚོར་མངོན་གསལ་དོད་པོ་ཡོད་པ་རེད། “དེ་སྔ། ཏང་དང་སྲིད་གཞུང་གི་རོགས་རམ་དང་སེམས་བཟང་ཅན་གྱི་རོགས་རམ་ལས་ངའི་འཚོ་བར་འོད་སྣང་སྦྱིན་པ་དང་ད་ཆ་ངར་ནུས་པ་ཡོད་པས་མི་གཞན་ལ་རོགས་རམ་དེ་བས་བྱེད་དགོས་ངེས་རེད། ངར་སེམས་འགུལ་ཐེབས་ཤོས་ནི་དབང་པོ་སྐྱོན་ཅན་བ་ཚོ་བདེ་ཐང་ཅན་གྱི་མི་དང་བསྡུར་ན་ཉེན་ཁ་དེ་བས་ཆེ་བའི་ངང་རོགས་སྐྱོབ་ནང་ཞུགས་བཞིན་ཡོད་པ་དེ་ཡིན”ཞེས་བསྟན་འཛིན་དངོས་གྲུབ་ཀྱིས་བཤད།
དེ་སྔ་རོགས་རམ་ཐོབ་མྱོང་བས་མི་གཞན་ལའང་རོགས་རམ་བྱེད་འདོད་ཡོད་ཅེས་པའི་བབ་ཆགས་པའི་མི་གཤིས་དེས་ཡོམ་འགོག་གེགས་སེལ་ཁྲོད་གཞན་ལ་ཕན་འདོགས་བཞིན་ཡོད་པ་རེད།
རོགས་རམ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
གཅིག་གིས་གཅིག་ལ་སྣེ་ཁྲིད་པ་དང་མི་ཁག་གཅིག་གིས་མི་ཁག་གཅིག་ལ་སྐུལ་ཁྲིད་བྱེད་པ།
ས་ཡོམ་བརྒྱབ་དུས་བོད་ལྗོངས་སློབ་ཆེན་གྱི་སློབ་མ་གཡང་འཛོམས་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་ཁྱིམ་དུ་བསྡད་ཡོད་པ་དང་ཁང་པར་གཏོར་སྐྱོན་ཚབས་ཆེན་ཕོག་ཀྱང་སྟབས་ལེགས་པར་མི་ལ་རྨས་སྐྱོན་ཚབས་ཆེན་ཕོག་མེད། ཞིག་རོ་དག་མཐོང་སྐབས་གཡང་འཛོམས་རེ་ཞིག་ཧ་ལས་ཧང་སངས་བར་གྱུར།
དེ་ནས“བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དང་། མེ་ཟོན་རོགས་སྐྱོབ་དཔུང་ཁག སྨན་དོན་མི་སྣ་སོགས་སླེབས་པས་ཁོང་ཚོ་ནི་མུན་ནག་ཁྲོད་ཀྱི་འོད་ཟེར་བཞིན་ངའི་སེམས་ནང་གི་སྐྲག་སྣང་དེ་མུར་མེད་པར་གྱུར་སོང”ཞེས་གཡང་འཛོམས་ཀྱིས་བཤད།
དེའི་རྗེས་ཀྱི་ཉིན་འགའི་ནང་གཡང་འཛོམས་ཀྱང་གྲོང་ཚོའི་དང་བླངས་པ་ཞིག་ཏུ་གྱུར་ནས་གུར་རྒྱག་རོགས་དང་དངོས་ཟོག་དབོར་རོགས་སོགས་ཀྱི་ལས་ལ་ཞུགས། “རོགས་སྐྱོབ་མི་སྣའི་སྒེར་སེམས་མེད་པའི་སྙིང་སྟོབས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་བས་ངས་ཁོང་ཚོ་བཞིན་མི་དེ་བས་མང་བར་རོགས་རམ་བྱེད་འདོད་ཡོད”ཅེས་གཡང་འཛོམས་ཀྱིས་བཤད།
འོད་ཟེར་གཅིག་གིས་འོད་ཟེར་གཞན་ཞིག་གི་སྣེ་ཁྲིད་པ་དང་མི་ཁག་གཅིག་གིས་མི་ཁག་གཅིག་ལ་སྐུལ་ཁྲིད་བྱེད་པ།
སྟབས་བདེའི་ཁང་པའི་ནང་མཐོ་འབྲིང་ལོ་རིམ་གསུམ་པ་འགྲིམས་བཞིན་ཡོད་པའི་ཚེ་རིང་སྒྲོལ་མ་དྲོད་རླངས་འགྲམ་དུ་སློབ་སྦྱོང་བྱས་ནས་བསྡད་ཡོད། ཉིན་དེ་དག་རིང་ཁོ་མོས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་གཅེན་པོ་ལྷག་པ་དོན་གྲུབ་རེད། “ས་ཡོམ་ཁྲོད་ངའི་གཅེན་པོའི་ལག་པ་རྨས་སོང་། འོན་ཀྱང་ཁོང་ཏང་ཡོན་ཞིག་ཡིན་པས་རོགས་སྐྱོབ་ལས་ལ་བྲེལ་ནས་ཁྱིམ་ལ་ལོག་ཁོམ་ཧ་ལམ་བྱུང་མེད”ཚེ་རིང་སྒྲོལ་མས“གཅེན་པོ་ནི་ངའི་མིག་དཔེ་ཡིན་ལ། ཁོང་གི་ས་ནས་གནོད་འཚེའི་མདུན་དུ་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་དང་འཇོན་ཐང་མཐོང་བྱུང་། ད་ལྟ་ང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པས་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་སྔ་ཙམ་འགྱུར་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
འོད་སྣང་དོན་གཉེར་བ་རྒྱུན་ཆད་མེད་པར་གཅིག་ཏུ་འདུས་པ།
“ཨ་ཁུ་ལགས། འདི་ཁྱེད་ལ་འབུལ་གྱི་ཡིན”ཟླ་1ཚེས་10ཉིན་གྱི་ཞོགས་པར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་པ་བསོད་ནམས་མགོན་པོས་བཀོད་སྒྲིག་བྱ་ཡུལ་དུ་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱེད་སྐབས། ལོ་9ལ་སླེབས་པའི་བུ་མོ་བཀྲ་ཤིས་མཚོ་མོའི་དམིགས་བསལ་གྱི་ལག་རྟགས་ཤིག་འབྱོར། འདི་ནི་ཞ་སྨྱུག་གིས་ལག་བྲིས་བྱས་པའི་རི་མོ་ཞིག་ཡིན་པ་སྟེ། རོགས་སྐྱོབ་གྱོན་ཆས་གྱོན་པའི་མེ་ཟོན་པ་ཞིག་གིས་ལག་གཉིས་ཀྱིས་བུ་མོ་ཆུང་ཆུང་ཞིག་པང་དུ་བཟུང་བའི་རྣམ་པ་ཞིག་རེད། རི་མོའི་ནང་གི་མེ་ཟོན་པ་དེ་བསོད་ནམས་མགོན་པོ་དང་བུ་མོ་ཆུང་ཆུང་དེ་བཀྲ་ཤིས་མཚོ་མོ་ཡིན་པ་རེད། དེའང་ཟླ་1ཚེས་7ཉིན་བསོད་ནམས་མགོན་པོས་ཞིག་རོའི་ཁྲོད་ནས་བཀྲ་ཤིས་མཚོ་མོ་བསྐྱབས་ཏེ་པང་དུ་བཟུང་ནས་བདེ་འཇགས་ལྡན་སར་སྐྱེལ་བའི་རྣམ་པ་དེ་ཁོ་མོའི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་བཞིན་བསུབ་ཐབས་བྲལ།
རི་མོ་དེའི་སྟེང་དུ་ད་དུང་། ཨ་ཁུ་མེ་ཟོན་པ་ལགས། ཁྱེད་ཚོ་ནི་དཔའ་བོ་ཡིན་པས་ང་ཆེན་པོ་ཆགས་རྗེས་ཁྱེད་ཚོ་ལྟར་བྱེད་ཀྱི་ཡིན་ཞེས་བྲིས་ཡོད་པ་བསོད་ནམས་མགོན་པོས་མཐོང་།
“རང་ཆེན་པོ་ཆགས་རྗེས་མེ་ཟོན་པ་ཞིག་བྱེད་ཀྱི་ཡིན་ནམ”ཞེས་བསོད་ནམས་མགོན་པོས་འདྲི་སྐབས་བཀྲ་ཤིས་མཚོ་མོས་མགོ་བོ་ལྕོག་ལྕོག་བྱས། བྱས་ན་རང་ཆེན་པོ་ཆགས་རྗེས་ང་ཚོའི་རུ་ཁག་ནང་ཞུགས་ཨཱ་ཞེས་བསོད་ནམས་མགོན་པོ་དང་བཀྲ་ཤིས་མཚོ་མོས་རྗེས་སུ་དེ་ལྟར་བྱ་རྒྱུའི་དམ་བཅའ་བཞག ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་ལས་མི་དེ་བས་མང་བ་དཀའ་གནད་ལས་སྒྲོལ་བར་སྐུལ་མ་ཐེབས་ཡོད། སྟོབས་ཤུགས་དེ་དག་ཁྱིམ་གཞིས་བསྐྱར་སྐྲུན་གྱི་གང་སར་མངོན་རྒྱུ་ཡོད།