དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • གློག་འོད་ལྷམ་མེར་འཚེར། འཚོ་བར་རེ་བས་ཁེངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-14

     འདི་ནི་ཟླ་1ཚེས་10ཉིན། གཞིས་རྩེ་གྲོང་ཁྱེར་ཆེད་འགན་ཉེན་རྟོག་པས་དགུ་རུམ་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་དུ་དངོས་ཟོག་དབོར་བཞིན་པ།

    འདི་ནི་ཟླ་1ཚེས་10ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པས་མ་བུ་གཉིས་ལ་ལྟ་རྟོག་བྱེད་བཞིན་པ། ཕྲུ་གུ་དམར་འབྱར་འདི་ཚེས་9ཉིན་སྐྱེས་པ་རེད།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་འཐབ་ས་དང་པོར་གློག་འོད་ལྷམ་མེར་འཚེར་ནས་འཚོ་བར་རེ་བས་ཁེངས།

    —— ཞིག་རོའི་ཁྲོད་དུ་མུ་མཐུད་འཚོལ་སྐྱོབ་བྱེད་པའི་གློག་འོད་འཚེར།

    ཟླ་1ཚེས་7ཉིན་ས་ཡོམ་བརྒྱབ་པའི་ཉིན་དེར་རོགས་སྐྱོབ་སྟོབས་ཤུགས་འཕྲལ་མར་ཡོམ་ལྟེར་བསྐྱོད།

    སྨག་རུམ་ནང་། གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་ཁང་པའི་ཞིག་རོའི་ཁྲོད་དུ་དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་རྒན་པ་དོན་གྲུབ་རྒྱལ་མཚན་དང་རུ་མི་ཚོས་གློག་སྒྲོན་དང་ཚེ་སྲོག་འཚོལ་ཞིབ་ཡོ་བྱད་འཁྱེར་ཏེ། ཁུག་ཆ་གཅིག་ཀྱང་མི་ལུས་པར་མི་སྣ་འཚོལ་སྐྱོབ་གང་ཐུབ་བྱས་པ་རེད།

    “ཏི་ཏི་ཏི”ཞེས་དོན་གྲུབ་རྒྱལ་མཚན་ལག་ནང་གི་ཚེ་སྲོག་འཚོལ་ཞིབ་ཡོ་བྱད་ལས་སྒྲ་གྲགས་ཤིང་། དེའི་འཆར་ཤེལ་ནས་གློག་འོད་དམར་པོ་ཆེམ་ཆེམ་འཕྲོ་བ་དང་སྦྲགས་དོན་གྲུབ་རྒྱལ་མཚན་གྱིས་སེམས་འཚབ་ཆེན་པོས“ཚང་མ་ཚུར་ཤོག་དང་། འདིར་མི་འདུག”ཅེས་བཤད།

    རོགས་སྐྱོབ་མི་སྣ་མཉམ་དུ་འཛོམས་ནས་སོ་ཕག་ལྕི་པོ་ཕར་དབོར་ཏེ་གློག་སྒྲོན་སྤྱད་ནས་འཚོལ་བཤེར་ཞིབ་པར་བྱས།

    ཞིག་རོའི་ནང་གི་སྲུབས་ཀ་ཞིག་ནས་རོགས་སྐྱོབ་མི་སྣས་རྒན་རྒོན་ཞིག་མཐོང་།“བགྲེས་སོང་ལགས། སྡུག་རུས་རྒྱོབ་ཨང་། ང་ཚོས་ལམ་སེང་ཁྱེད་རང་སྐྱོབ་ཆོག”ཅེས་ཟེར་བཞིན་ཚང་མས་ཆེད་ལས་ཀྱི་བཤིག་གཏོར་ཡོ་ཆས་བཏོན་ནས་རོགས་སྐྱོབ་ཀྱི་བགྲོད་ལམ་རིམ་བཞིན་རྒྱ་ཆེར་བཏང་།

    རྒན་རྒོན་ཕྱིར་བསྐྱབས་ཏེ་འགྱོགས་བྱམས་ཐོག་བཞག་རྗེས་རོགས་སྐྱོབ་མི་སྣས“ང་ཚོས་ལམ་སེང་ཁྱེད་རང་སྨན་ཁང་དུ་སྐྱེལ་ཆོག ཁྱེད་རང་མགྱོགས་པོ་དྲག་སྐྱེད་ཡོང་ངེས་རེད”ཅེས་བསྟུད་མར་སེམས་གསོ་བྱས།

    —— སྟབས་བདེའི་ཁང་པར་གློག་འོད་རབ་ཏུ་གསལ།

    ཚེས་9ཉིན་གྱི་མཚན་དགུང་དུ་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་སྟབས་བདེའི་ཁང་པའི་གློག་སྒྲོན་དང་པོ་དེ་སྤར།

    “མགྱོགས་པོ་ལྟོས་དང་གློག་སྒྲོན་སྤར་འདུག”ལོ་13ལ་སླེབས་པའི་སེང་གེ་བཟང་པོས་འཕྲལ་སྡོམ་གུར་ནས་དོན་ཏེ་དགའ་སྤྲོའི་ངང་གློག་སྒྲོན་སྤར་སའི་ཕྱོགས་སུ་རྒྱུག་ནས་བསྒྲིགས་ཟིན་པའི་སྟབས་བདེའི་ཁང་པའི་ནང་དུ་འཛུལ། སྨི་ངོས་གྲུ་18ཡོད་པའི་ཁང་པ་ཆུང་ཆུང་དེའི་ནང་གློག་འོད་རབ་ཏུ་གསལ།

    ཚེས་10ཉིན་མཚོ་སྔ་གྲོང་ཚོའི་སྟབས་བདེའི་ཁང་པ་79ཚང་མར་གློག་ཤར་གཏོང་ཐུབ་ཡོད། ཕྲུ་གུ་ཚོས་སྟབས་བདེའི་ཁང་པའི་ནང་དུ་འཛུལ་ནས་ཡ་མཚན་ཆེན་པོས་གྱང་ངོས་དང་གློག་སྤར་ཆས་ལ་རེག་ཙམ་ཐུག་ཙམ་བྱས།

    སྟབས་བདེའི་ཁང་པའི་ནང་གི་དྲོད་ལེན་ཁྲོ་ཐབ་ཐོག་གི་དབུགས་རྡིག་མཐོང་རྗེས། སློབ་ཆུང་ལོ་རིམ་ལྔ་པ་འགྲིམ་བཞིན་པའི་བདེ་ཆེན་སྒྲོལ་དཀར་གྱིས་བྲེལ་བ་ཆེན་པོས་གྲོགས་པོ་ཆུང་ཆུང་ཚོར་གནས་ཚུལ་དེ་བཤད།

    སྟབས་བདེའི་ཁང་པའི་ནང་དཀར་ཆ་དོད་པ་དང་གྲོང་མི་ཚོའི་སེམས་ཀྱང་གུ་ཡངས་སུ་སོང་། གྲོང་མི་ཞིག་གིས“སྔ་ཙམ་སྟབས་བདེའི་ཁང་པའི་ནང་དུ་སྤོ་རྒྱུ་བྱུང་ན་ང་ཚོའང་ལོ་གསར་གྱི་གྲ་སྒྲིག་བྱེད་ཆོག”ཅེས་རེ་སྒུག་ཆེན་པོས་བཤད།

    —— ཀྱག་ཀྱོག་རི་ལམ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོབ་བྱེད་པར་ཡོང་བའི་རླངས་འཁོར་གྱི་གློག་འོད་རྒྱུན་ཆད་མེད་པར་འཕྲོ།

    ས་ཡོམ་བརྒྱབ་ཚུན། དིང་རི་རྫོང་གི་གནོད་འཚེ་ཕོག་པའི་ཤང་དང་གྲོང་རྡལ་ཁག་གི་འགྲོ་ལམ་དུ་ལྗིད་ཐེག་རླངས་འཁོར་སྟེང་གི་འཕྲེད་འགེལ་སྦྱར་ཡིག་ཐོག་བྲིས་མང་ཤོས་ནི“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད”ཅེས་པའི་ཡི་གེ་དེ་རེད།

    ཚེས་10ཉིན་གྱི་ཐོ་རེངས་སུ་རྒྱལ་ལམ་318ལྷ་ས་ནས་གཞིས་རྩེ་བར་གྱི་ཀྱག་ཀྱོག་རི་ལམ་དུ་རོགས་སྐྱོབ་དངོས་ཟོག་བླུགས་པའི་ཟོག་འདྲེན་རླངས་འཁོར་རྒྱུན་མི་ཆད་ཅིང་། རླངས་འཁོར་གྱི་གློག་སྒྲོན་ལས་ཡུལ་དེར་འོད་སྣང་བསྣན།

    ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་གེགས་ཁུལ་གྱི་འཕྲལ་སྡོམ་ཚོགས་ཆུང་གི་རུ་མི་ཀྲེང་དབྱི་ཡིས་ངོ་སྤྲོད་བྱས་དོན། ས་ཡོམ་བརྒྱབ་རྗེས་ཀུང་སིས་ཟོག་འདྲེན་རླངས་འཁོར་7བཏང་ནས་སྟབས་བདེའི་ཁང་པ་200འཕྲལ་མར་དིང་རི་རྫོང་མཚོ་སྒང་ཤང་གི་བཀོད་སྒྲིག་ས་ཚིགས་སུ་དབོར་ཡོད།

    ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཀྲང་ལགས་ཀྱིས“ང་སྐྱེལ་འདྲེན་རླངས་འཁོར་བཏང་སྟེ་ཧོ་པེ་པོ་ཐོའུ་གྲོང་ཁྱེར་ནས་ཐོན་ཡོང་བ་ཡིན། གེགས་སེལ་དངོས་ཟོག་སྐྱེལ་རྒྱུ་ཡིན་པ་དྲན་སྐབས་ངལ་དུབ་ཚོར་གྱི་མི་འདུག”ཅེས་གསར་འགོད་པར་བཤད།

    གྲམ་མཚོ་ཤང་དགུ་རུམ་གྲོང་ཚོར་ཁ་ལོ་བ་པད་མ་ཚེ་རིང་གིས་ཟོག་འདྲེན་རླངས་འཁོར་བཏང་ནས་སྤྱི་ལེ་600ལྷག་ཙམ་བསྐྱོད་རྗེས་མཐར་དམིགས་སར་སླེབས། གྲང་རླུང་ཁྲོད་པད་མ་ཚེ་རིང་གིས་རླངས་འཁོར་ཁ་བཀག་ནས་འཕྲལ་མར་རྩམ་པ་དང་འོ་ཇ་སོགས་སྒམ་རེ་རེ་བཞིན་འབེབས་འགོ་ཚུགས། “ང་རང་ལྷ་ས་ནས་ཡོང་བ་ཡིན། ང་ཚོའི་གྲོང་ཚོ་ཡོངས་ཀྱིས་ཟས་རིགས་མང་པོ་ཞལ་འདེབས་བརྒྱབ་པ་ཡིན། ང་དང་རོགས་པ་ཚོས་མཉམ་དུ་རླངས་འཁོར་ཆེན་པོ་གཉིས་དང་རླངས་འཁོར་ཆུང་བ་གཉིས་བཏང་ཡོང་བ་དང་། ལམ་བར་དུ་དུས་ཚོད་སྐར་ཆ་ཙམ་ཡང་འགོར་འགྱངས་བྱེད་ཕོད་མ་བྱུང”ཞེས་བཤད།

    —— འཕྲལ་སྡོམ་གུར་ནང་བརྩེ་བ་ཟབ་མོས་ཁེངས།

    ཚེས་10ཉིན་གྱི་དགོང་མོར། དིང་རི་རྫོང་དང་སྦྲེལ་བའི་ལྷ་རྩེ་རྫོང་དོན་གླིང་གྲོང་ཚོར་བོད་སྐྱོར་ལས་བྱེད་པ་ལྷ་རྩེ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ལྷ་རྩེ་རྫོང་སློབ་འབྲིང་གི་སློབ་སྤྱི་དབྱི་ཤང་ཆན་གྱིས་ལག་ཐོགས་ཁ་པར་གྱི“གློག་ཞུར”བརྟེན་ནས་འཕྲལ་སྡོམ་གུར་རེ་རེའི་ནང་སློབ་མ་ཚོའི་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད།

    གུར་ནང་འཛུལ་རྗེས་དབྱི་ཤང་ཆན་ལ་སློབ་གྲྭ་དེའི་སློབ་མ་བཀྲ་ཤིས་ཕུན་ཚོགས་འཕྲད། ཁོང་གིས་སློབ་མར་སེམས་གསོ་བྱས་རྗེས་འབྲིང་རྒྱུགས་ལ་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་བྱས།

    ལྷ་རྩེ་རྫོང་ཡོམ་ལྟེ་དང་བར་ཐག་སྤྱི་ལེ་67ཙམ་ལས་མེད་པས་ད་ཐེངས་ཡོམ་ཚོར་མངོན་གསལ་དོད་པོ་ཡོད་པ་མ་ཟད། ད་དུང་ཡོམ་འཕྲོ་ཐེངས་མང་བརྒྱབ་ཡོད། ས་ཡོམ་བརྒྱབ་པའི་ཉིན་དེར། ཧྲང་ཧའེ་རུ་ཡོད་པའི་དབྱི་ཤང་ཆན་གྱིས་འཕྲལ་མར་ཁ་པར་བརྒྱུད་སློབ་གྲྭ་དང་འབྲེལ་བ་བྱས་ཏེ་དགེ་སློབ་ཁ་འགྲེམ་དང་སྐབས་འཕྲལ་གྱི་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད།

    བྲེལ་འཚུབ་ངང་འཁོར་ཞག་མཇུག་འགྲིལ་རྗེས་དབྱི་ཤང་ཆན་འཕྲལ་མར་ལས་གནས་ཐོག་ལོག་པ་དང་། ལྷ་རྩེའི་གེགས་ཁུལ་དུ་བསྐྱོད་དེ་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭའི་ཀྲུའུ་རེན་54སྒྲིག་འཛུགས་བྱས་ནས་སློབ་མ་2828ལ་ཁ་པར་བརྒྱབ་སྟེ་སློབ་མའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    ཉིན་ཤས་རིང་། དབྱི་ཤང་ཆན་གྱིས་བཀོད་སྒྲིག་ས་ཚིགས་སུ་འཚམས་འདྲི་བྱེད་འགོ་ཚུགས་པ་དང་། ཕྲུ་གུ་ཚང་མ་བདེ་འཇགས་ཡིན་པ་དངོས་སུ་མཐོང་རྗེས་ཁོང་གཞི་ནས་བློ་བདེ་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།