དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གནོད་འཚེ་ཕོག་མཁན་མང་ཚོགས་སྟབས་བདེའི་ཁང་པར་སྤོས་ནས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཝུན་ཤིན།   |     སྤེལ་དུས།  2025-01-14

    འདི་ནི་ཟླ་1ཚེས་11ཉིན། བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་སྟབས་བདེའི་ཁང་པ་ཁག་དང་པོར་སྤོ་མཁན་ཡུལ་མིས་དངོས་ཟོག་དབོར་བཞིན་པ།

    ཟླ་1ཚེས་11ཉིན་གྱི་ཉིན་དགུང་ཆུ་ཚོད་11ཙམ་ལ། བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོར་ཡུལ་མི་བསོད་ནམས་སྐལ་བཟང་གི་ཁ་པར་ནང་ཚང་མ་གྲོང་ཚོ་ཨུ་ལྷན་དུ་འཛོམས་ནས་ཁང་པ་བགོ་རྒྱུ་ཡིན་ཞེས་པའི་ཆ་འཕྲིན་འབྱོར། 

    བསོད་ནམས་སྐལ་བཟང་ལམ་སེང་གུར་ནས་ཐོན་ཏེ་ལམ་དུ་འགྲོ་མཁན་ཡུལ་མི་ཚོར“མགྱོགས་པོ་ཤོག ཁང་པ་བགོ་གྲབས་འདུག”ཅེས་འབོད་བཞིན་དུ་རྒྱུག 

    “ང་ཚོའི་གྲོང་ཚོར་ཁྱོན་དུད་ཚང་111དང་མི་གྲངས་632ཡོད། དེ་རིང་གནས་སྡོད་ཀྱི་ཆ་རྐྱེན་འཛོམས་པའི་སྟབས་བདེའི་ཁང་པ་81ཡོད”ཅེས་མཚོ་སྔ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པས་བརྗོད། 

    བགོ་བཤའ་གང་འདྲ་རྒྱག་པའི་ཐད་ལ། གྲོང་ཚོ་ཡོངས་ཚོགས་ཆུང་10ལ་བགོས་ཏེ་ཚོགས་ཆུང་རེར་སྟབས་བདེའི་ཁང་པ་7ནས་8བར་ཡོད་པས། ཚོགས་ཆུང་ནང་ཁུལ་དུ་ཤོག་འཛར་སྟེང་ཨང་ཀི་1ནས་10བར་བྲིས་ཏེ་ཨང་ཀི་དམའ་ཤོས་དེར་རྒྱན་ཐོབ་ཀྱི་ཡོད། 

    “རྒྱན་མ་ཐོབ་ཚེ་གང་འདྲ་བྱེད་དགོས”“སྟབས་བདེའི་ཁང་པ་ཁག་གཉིས་པ་བརྒྱབ་ཚར་གྲབས་ཡོད་པས་རྒྱན་མ་ཐོབ་མཁན་ལ་སང་ཉིན་དང་གནངས་ཉིན་ཁང་པ་རག་གི་རེད” 

    “སྟབས་བདེའི་ཁང་པའི་ནང་གང་ཡོད་དམ” “ཉལ་ཁྲི་དང་། གློག ཐབ་ཡོད་པ་མ་ཟད། ཉིན་འགའ་སོང་རྗེས་ཕྱིར་ཆུ་ཀ་ལ་འཁྲིད་རྒྱུ་རེད” 

    ཡུལ་མི་ཚོས་སྐད་ཆ་འདྲི་རིམ་བཞིན་ལྷག་པས་རེ་རེ་བཞིན་ལ་ལན་དེ་ལྟར་བཏབ། “རྒྱན་རག་བྱུང”ཞེས་བསོད་ནམས་སྐལ་བཟང་གིས་སྤྲོ་སྣང་ཆེན་པོས་ལག་པར་ཤོག་འཛར་བཟུང་ནས་གཡུག་གཡུག་བྱེད་བཞིན་དུ་བཟའ་ཟླར་བཤད།

    “ལྡེ་མིག་ལེན་པར་སོང་། ཕྱི་དྲོར་དུས་ཚོད་དམ་འཛིན་བྱས་ནས་སྤོས་ཚེ་དགོང་མོར‘ཁང་གསར’ནང་སྡོད་ཐུབ”ཅེས་ལྷག་པས་བསོད་ནམས་སྐལ་བཟང་གི་དཔུང་པར་གཞུས་ཙམ་བྱས་ནས་བརྗོད། 

    བསོད་ནམས་སྐལ་བཟང་གིས་ལྡེ་མིག་ཁྱེར་ནས་བཟའ་ཟླ་དང་ཕྲུ་གུ་མཉམ་དུ་དངོས་ཟོག་སྤྲོད་ཡུལ་ནས་རྩམ་པ་རས་ཕད་གང་བླངས་ཏེ་འཛུམ་དམུལ་དམུལ་ངང་འཁོར་གསུམ་སྦག་སྦག་ལ་བསྡད་ནས་སྟབས་བདེའི་ཁང་པ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད། 

    ཉིན་དེར་མཚོ་སྔ་གྲོང་ཚོའི་སྟབས་བདེའི་ཁང་པར་གནོད་འཚེ་ཕོག་མཁན་མང་ཚོགས་དུད་ཚང་51གི་མི་300ལྷག་ཙམ་སྤོས་ཡོད།

    སྟབས་བདེའི་ཁང་པ་སྟར་པ་རེ་རེའི་མདུན་ལ་འཁོར་གསུམ་སྦག་སྦག་གིས་ཁེངས་པ་དང་ཡུལ་མི་ཚོ་ཁང་པའི་ཕྱི་ནང་གང་སར་བྲེལ་བཞིན་ཡོད་པ་སྟེ། བུ་མོ་ཉི་མ་བུ་ཁྲིད་ཀྱིས་ཕྱག་མ་ཁྱེར་ནས་ཁྱིམ་དུ་གཙང་སྦྲ་བྱེད་པ་དང་། གཅེན་པོ་ཀུན་དགའ་བློ་གྲོས་ཀྱིས་རླངས་འཁོར་ནས་ཉལ་གདན་ཕབ་སྟེ་ཁང་པའི་ནང་དབོར་བ། གྲོགས་པོ་ཆུང་ཆུང་བདེ་ཆེན་དབང་གྲགས་ཀྱིས་ན་མཉམ་ཚོ་ཁྲིད་ནས་ཁང་པ་གསར་པར་ལྟ་བ་སོགས་བྱེད་བཞིན་ཡོད། 

    ས་སྲོས་མཚམས་སུ་མཚོ་སྔ་གྲོང་ཚོའི་སྟབས་བདེའི་ཁང་པ་བཀོད་སྒྲིག་བྱ་ཡུལ་དུ་གློག་ཁྲ་ཆིལ་ལེར་སྤར་བ་དང་ཐབ་ནས་དུ་བ་སྔོ་ཕྱུར་རེར་ཐོན་བཞིན་ཡོད། 

    “ཁང་པ་འདིས་རླུང་འགོག་ཐུབ་པ་མ་ཟད། དྲོ་པོ་འདུག་པས་ང་ཚོ་བཟའ་མི་བཞི་པོ་བློ་བདེ་པོ་འདུག”ཅེས་བསོད་ནམས་སྐལ་བཟང་གིས་བརྗོད། 

    “ཚང་མར་དགོས་མཁོ་ཡོད་ཚེ་ང་འཚོལ་བར་ཤོག དོ་དགོང་གཉིད་སྐྱིད་པོ་ཞིག་ཉོལ། ང་ཚོ་འདི་གར་བདེ་བདེ་ལྷོད་ལྷོད་ངང་དགུན་ཁ་སྐྱེལ་དགོས”ཞེས་ལྷག་པས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།