དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • ཚང་མས་མཐུན་སྒྲིལ་འབད་འཐབ་བྱས་ཚེ་དྲོ་སྐྱིད་དང་རེ་བ་ལྡན་ངེས།

    —— གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ས་ཡོམ་གེགས་ཁུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

     འདི་ནི་ཟླ་1ཚེས་10ཉིན་ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་སྐྱེལ་འདྲེན་ཅུས་གཉིས་པའི་ཀུང་སི་གཉིས་པའི་ལས་དོན་པས་ལྷ་རྩེ་རྫོང་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྟབས་བདེའི་ཁང་པ་སྒྲིག་བཞིན་པ།

    དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས། མི་རྣམས་ཀྱིས་ལྷ་རྩེ་རྫོང་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ལའང་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

    ཟླ་1ཚེས་9ཉིན། གསར་འགོད་པ་དང་བཅས་པ་ལྷ་རྩེ་རྫོང་དུ་བཅར་འདྲིར་འགྲོ་བའི་ལམ་བར་དུ་གཞུང་ལམ་ཤར་གཏོང་ཐུབ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་རོགས་སྐྱོབ་རླངས་འཁོར་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་ལྷ་རྩེར་སྐྱོད་བཞིན་ཡོད་པ་མཐོང་བྱུང་། གཞུང་ལམ་རྒྱུད་ཀྱི་ཡུལ་མིའི་ཁང་པ་མང་ཆེ་བ་ལོག་མེད་ཀྱང་ཁང་པའི་ཐོག་ཁ་དང་གྱང་སོགས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་པ་དང་ཁང་པ་རྙིང་པ་ཁག་གཅིག་ལོག་འདུག

    གསར་འགོད་པས་གནོད་འཚེ་ཅུང་ཚབས་ཆེ་བའི་ལྷ་རྩེ་རྫོང་མང་ཕུ་ཤང་དང་། ཆུ་ཤར་གྲོང་རྡལ། ལྷ་རྩེ་གྲོང་རྡལ། གཞིས་ཆེན་ཤང་བཅས་ལ་བཅར་འདྲི་བྱས་ནས་ས་གནས་ས་ཐོག་ཏུ་མང་ཚོགས་བཀོད་སྒྲིག་བྱས་ཚུལ་དང་འཚོ་བའི་འགན་ལེན་སྐོར་ལ་ཤེས་རྟོགས་བྱས་པ་ཡིན།

    ཐོལ་བྱུང་།

    གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་མི་ཚང་མ་སླེབས་པ།

    མང་ཕུ་ཤང་གི་ས་ཁམས་གནས་ཡུལ་དེ་དིང་རི་རྫོང་གྲམ་སོ་ཤང་དང་ཐག་ཉེ་བས་ད་ཐེངས་ལྷ་རྩེ་རྫོང་གི་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཆ་ཞིག་ཡིན་པས། ཁང་པ་ཚང་མར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ནས་མི་སྣ་ཤི་རྨས་ཀྱང་བྱུང་ཡོད།

    ཆུ་ཤར་གྲོང་རྡལ་ནི་ལྷ་རྩེ་རྫོང་གྲོང་གི་འགྲམ་དུ་ཡོད། སྲང་ལམ་གང་སར་ས་རྡོ་ལྷུང་བ་མཐོང་རྒྱུ་འདུག་ལ། སྒོ་འགྲམ་དུ་བཞག་པའི་རླངས་འཁོར་ཁག་གཅིག་ལའང་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་འདུག

    ཚེས་10ཉིན། ཆུ་ཤར་གྲོང་རྡལ་དུ་གནས་པའི་ཁྲུང་ཆིང་ཚལ་ཚོང་ཁང་གི་སྦྱིན་བདག་ཧྥེ་ཀྲེན་ཀང་གིས་སྒོ་འགྲམ་དུ་ཟགས་པའི་རྡོར་ལྟ་བཞིན་ཧོན་ཐོར་ནས་བསྡད་་འདུག

    རྒྱུན་དུ་ཧྥེ་ཀྲེན་ཀང་དང་བཟའ་ཟླ་ཐོག་བརྩེགས་གཉིས་པར་སྡོད་པ་དང་། ཐོག་བརྩེགས་དང་པོར་སྔོ་ཚལ་དང་ཤིང་ཏོག་ཚོང་ཁང་ཞིག་གཉེར་ཡོད་པ་དང་། དེའི་འགྲམ་དུ་བརྒྱ་ཟོག་ཚོང་ཁང་ཞིག་སྦྲེལ་ནས་བཙུགས་ཡོད། ཚོང་ཁང་ནང་གི་གནམ་དཔྱལ་ཁ་ཤས་ཟགས་ཡོད་པ་དང་གྱང་ལའང་སེར་ཁ་གས་འདུག

    ས་ཡོམ་བརྒྱབ་རྗེས། ཚོང་ཁང་ནང་གི་གང་སར་ལྷུང་བའི་སྨན་སྣ་དང་། རྔན་པ་ཙག་ཙིག་དང་དེ་བཞིན་སྔོ་ཚལ་དང་ཤིང་ཏོག་བཅས་མཐོང་སྐབས་ཧྥེ་ཀྲེན་ཀང་གི་བསམ་པར་ད་ལྟ་ནི་ཉེན་ཁ་དང་གོད་ཆག་ཆེ་བའི་དུས་སྐབས་ཡིན་པས་ས་གནས་དེ་གར་བསྡད་ནས་རང་གིས་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་སྒྲུབ་དགོས་སྙམ་ནས་ཁོང་གིས་ཚོང་ཁང་ནང་གི་སྒོར་ཁྲི་20ཙམ་རི་བའི་འཁྱགས་ཟོག་དང་། འོ་མ། སྟབས་བདེའི་ཐུག་པ་སོགས་རིན་མི་དགོས་པར་ཉེ་འཁོར་མང་ཚོགས་དང་། གཞི་རིམ་ལས་བྱེད་པ། རང་ཉིད་ཀྱི་ཚོང་ཤག་སོགས་ལ་སྤྲད་པ་རེད།

    ལྷ་རྩེ་གྲོང་རྡལ་ཚོགས་པོ་གྲོང་ཚོ་ནི་རྫོང་གྲོང་ཉེ་འགྲམ་གྱི་ཐང་ཆེན་པོ་ཞིག་གི་སྟེང་དུ་གནས་པ་དང་མཐའ་འཁོར་ཚང་མ་མུ་མེད་ཞིང་ཐང་རེད་འདུག ཚོགས་པོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བའི་ཁྱིམ་ནི་བྱང་ཐང་རང་བྱུང་གྲོང་ཚོར་ཆགས་ཡོད་པ་དང་ཁོང་གི་ཁྱིམ་དུ་ནང་མི་9ཡོད། ས་ཡོམ་རྒྱག་སྐབས་ཁོང་གིས་ཚ་བོ་གསུམ་པོ་རླངས་འཁོར་ནང་བཞག་ནས་ཕི་ཁ་རླངས་འཁོར་གཞན་ཞིག་བཏང་ནས་ཚོགས་པོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་བསྐྱོད། “སྐབས་དེ་དུས་གང་ས་གང་ནས་འཛེར་སྒྲ་གྲགས་འོང་བ་དང་། ད་དུང་ངུ་སྐད་ཀྱང་གོ་གི་འདུག གྲོང་ཚོ་ཨུ་ལྷན་གྱི་ཉེ་འགྲམ་དུ་སླེབས་སྐབས་གྲོང་ཚོ་ཧྲིལ་པོ་ཐལ་རྡུལ་གྱིས་ཁེངས་འདུག དེ་དུས་ངའི་བསམ་པར་མི་སྣ་ཤི་རྨས་བྱུང་ཡོག་རེད་སྙམ་བྱུང”སྟབས་ལེགས་པ་ཞིག་ལ་ཚོགས་པོ་གྲོང་ཚོའི་གནས་ཚུལ་ཚབས་ཆེན་པོ་མི་འདུག

    གྲོང་ཚོ་ཨུ་ལྷན་དུ་སླེབས་རྗེས། ཟླ་བ་རང་སར་ཧོན་ཐོར་ནས་ཡུད་ཙམ་ལུས། དེ་རྗེས་གྲོང་ཚོའི་ལས་བྱེད་པ་གཞན་དག་དང་གྲོང་སྡོད་ལས་དོན་རུ་མི་སོགས་ཀྱང་བྲེལ་འཚུབ་ངང་སྔ་རྗེས་སུ་ཡོང་བ་མཐོང་།

    ཟླ་1ཚེས་10ཉིན་བར། ལྷ་རྩེ་རྫོང་དུ་སྔར་བཞིན་ཡོམ་འཕྲོ་ཐོན་ནས་ས་འགུལ་སྐྱོད་མངོན་གསལ་དོད་པོ་ཡོད་པ་ཚོར་གྱི་འདུག

    རོགས་སྐྱོབ།

    “ཚང་མས་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཡོམ་འགོག་གེགས་སེལ་བྱེད་དགོས”

    གློ་བུར་དུ་བྱུང་བའི་གནོད་འཚེའི་མདུན་དུ། མི་རྣམས་དངངས་སྐྲག་འཇགས་རྗེས་འཆི་གསོན་དང་འཐབ་འགོ་ཚུགས།

    གྲོང་ཚོ་ཨུ་ལྷན་དུ་འཛོམས་རྗེས། ཚོགས་པོ་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་འཕྲལ་དུ་ཚོགས་ཆུང་འགར་བགོས་ནས་ཕྱོགས་གཅིག་ནས་མང་ཚོགས་ལ་སེམས་གསོ་གཏོང་གིན་ས་ཆ་གཞན་ལ་སྤོས་པ་དང་། ཕྱོགས་གཞན་ཞིག་ནས་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་འབྲེལ་བ་བྱས་པ་མ་ཟད། གྲོང་ཚོའི་ནང་མི་སྣ་ཤི་རྨས་ཡོད་མེད་ཞིབ་བཤེར་བྱས།

    ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་དང་པོར། རོགས་སྐྱོབ་དངོས་ཟོག་ད་དུང་བལྟོས་བཅས་ཀྱིས་དཀོན་པས་ཟླ་བས་མང་ཚོགས་སྐུལ་སློང་བྱས་ནས་གླིང་ཁ་དང་འོང་སྐོར་སྐབས་སུ་སྤྱོད་པའི་གུར་བཏོན་ནས་ཕུབ་ཡོད། ཉིན་དེའི་ཐོ་རེངས་སུ་ཚོགས་པོ་གྲོང་ཚོར་གོང་རིམ་གྱིས་སྤྲད་པའི་གེགས་སེལ་གུར་67འབྱོར་བ་འཕྲལ་དུ་ཚང་མར་སྤྲད་པས། མང་ཚོགས་ལ་གནས་སྐབས་སྡོད་ས་བྱུང་ཡོད།

    དེ་རྗེས་དངོས་ཟོག་སྣ་ཚོགས་གཅིག་རྗེས་གཉིས་མཐུད་འབྱོར་བ་དང་། གཅེས་སེམས་མི་སྣ་མང་པོས་དངོས་ཟོག་སྐྱེལ་བར་མགྱོགས་པོ་ཡོང་རྒྱུ་ཡིན་པའི་ཁ་པར་སྔ་རྗེས་སུ་སླེབས། ཟླ་བས“ཁ་པར་འབྱོར་ཐེངས་རེར་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག ང་དང་གྲོང་མི་རྣམས་ཀྱིས་ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚང་མས་ང་ཚོར་སེམས་ཁུར་དེ་འདྲ་གནང་ནས་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པས་ང་ཚོ་ཚང་མས་དྲིན་ཚོར་གྱི་བསམ་པ་འཆང་བཞིན་ཡོམ་འགོག་གེགས་སེལ་བྱེད་དགོས་པ་ཤོད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཟླ་1ཚེས་10ཉིན། གནས་གྲོང་ཚོའི་ས་སྟོང་ཞིག་ཏུ་ཟས་རིགས་དང་། སྲིང་བལ་གྱི་ཕོ་ཁེབས། ཤིང་ཆ་སོགས་དངོས་ཟོག་སྣ་ཚོགས་སྤུངས་ཡོད་པ་དང་། མང་ཚོགས་ཀྱིས་གྲོང་ཚོའི་ལས་བྱེད་པའི་སྒྲིག་འཛུགས་འོག་བང་བསྒྲིགས་ནས་དངོས་ཟོག་ལེན་བཞིན་ཡོད་ཅིང་། མང་ཚོགས་ཁ་ཤས་ཀྱིས་ལ་ཕུག་དང་ཞོག་ཁོག་སོགས་གཙང་མར་བཀྲུས་ནས་ཁ་ལག་གྲ་སྒྲིག་བྱེད་བཞིན་འདུག མང་ཕུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཚེ་རིང་སྐལ་བཟང་གིས། “ཉིན་དེ་དག་རིང་། ང་ཚོས་དངོས་ཟོག་སྤྲོད་འགན་འཁུར་བ་ཕུད། ད་དུང་དུས་བཀག་ལྟར་ཚོགས་ཆུང་བགོས་ནས་དུད་ཚང་དུ་བསྐྱོད་དེ། མེ་དང་གློག་གི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་འཚོ་བ་དང་སེམས་ཁམས་གནས་ཚུལ་ལ་སེམས་ཁུར་བྱེད་ཀྱི་ཡོད། ང་ཚོས་མང་ཚོགས་དང་མཉམ་དུ་དཀའ་ངལ་ལས་སྒྲོལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་ལེན།

    སྟབས་བདེའི་ཁང་པ་བསྒྲིགས་རྗེས་མང་ཚོགས་སྡོད་ཆོག་གི་ཡོད།

    ཕྱོགས་བཞི་མཚམས་བརྒྱད་ཀྱི་བརྩེ་བ་ཟབ་མོ་ལས། གེགས་ཁུལ་དུ་ལྗོངས་ཕྱི་ནང་གི་རོགས་སྐྱོབ་དངོས་རྫས་རྒྱུན་ཆད་མེད་པར་འབྱོར་གྱི་ཡོད།

    ཟླ་1ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། ལྷགས་པ་ཆེན་པོ་བརྒྱབ་ནས་ཐལ་རྡུལ་གྱིས་ཁེངས། ཆུ་ཤར་གྲོང་རྡལ་ཁྲོམ་གཞུང་དུ་ལྷ་རྩེའི་ཚོན་ཀྲང་རྒན་པོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་བཟོ་པས་ས་བླུག་འཕྲུལ་འཁོར་དང་མཉམ་དུ་ཁྲོམ་གཞུང་གི་རྡོ་ཧྲུག་གཙང་སེལ་བྱས། ཀུང་སི་དེའི་འགན་འཁུར་བ་རྡོ་རྗེ་རྣམ་རྒྱལ་ནི་ལྷ་རྩེ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་ཞིང་། ཁོང་གིས། “རོགས་རམ་གང་ཐུབ་བྱེད་འདོད་འདུག རྡོ་དེ་དག་གཙང་སེལ་མ་བྱས་ན་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པས། ངས་ཉིན་གསུམ་ནང་ལམ་ཁ་དྲུག་གཙང་སེལ་བྱེད་རྩིས་ཡོད”ཅེས་བརྗོད།

    གསར་འགོད་པ་ལྷ་རྩེ་རྫོང་མཐོ་རིམ་སློབ་འབྲིང་འགྲམ་གྱི་ས་སྟོང་དུ་སྐྱོད་སྐབས། སྟབས་བདེའི་ཁང་པ་ཆ་ཚང་400དེ་གར་དབོར་ནས་བཟོ་པ་ཚོས་བྲེལ་འཚུབ་ཀྱིས་སྒྲིག་བཞིན་པ་མཐོང་བྱུང་།

    ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་སྐྱེལ་འདྲེན་ཅུས་གཉིས་པའི་ཀུང་སི་གཉིས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲའོ་མིང་གིས། “ཚེས་9ཉིན། སྟབས་བདེའི་ཁང་པ་ཚང་མ་འབྱོར་བ་མ་ཟད། ད་དུང་ཉལ་ཁྲི་དང་། ཐབ། སྲིང་བལ་གྱི་ཕོ་ཁེབས་སོགས་བཀོད་སྒྲིག་བྱས་འདུག བགོ་བཤའི་དགོས་མཁོ་འབྱོར་རྗེས་སྟབས་བདེའི་ཁང་པ་དེ་དག་ཚང་མ་ལྷ་རྩེ་རྫོང་གི་གནོད་འཚེ་ཕོག་ཁུལ་ཁག་ལ་སྐྱེལ་རྒྱུ་དང་བསྒྲིགས་ཚར་རྗེས་མང་ཚོགས་སྡོད་ཆོག་གི་ཡོད”ཅེས་བརྗོད།

    འགྲོ་ལམ་ཤར་གཏོང་ཐུབ་པ་ནི་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་མྱུར་དུ་གེགས་ཁུལ་དུ་འབྱོར་བའི་སྔོན་འགྲོའི་ཆ་རྐྱེན་རེད། ས་ཡོམ་བརྒྱབ་རྗེས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ནས་གཞིས་རྩེའི་ས་ཁོངས་ཧྲིལ་པོའི་གྲོང་གསེབ་གཞུང་ལམ་ལ་གྲལ་བཤེར་བྱས་པ་དང་། ལྷ་རྩེ་རྫོང་གི་གཏོར་སྐྱོན་ཕོག་པའི་གྲོང་གསེབ་གཞུང་ལམ་ཚང་མ་མྱུར་བཟོ་བྱས་པས། འགྲུལ་པ་དང་དངོས་ཟོག་འཕྲལ་སྡོམ་རོགས་སྐྱོབ་སྐྱེལ་འདྲེན་རླངས་འཁོར་དང་ལས་གྲྭའི་འཕྲུལ་ཆས་འགྲོ་སྐྱོད་བདེ་བླག་ཐུབ་པའི་འགན་ལེན་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།