དིང་རིར་ས་ཡོམ་བརྒྱབ་པས་ཚང་མར་སེམས་ཁྲལ་ཆེན་པོ་བྱུང་བ།
ཕྱོགས་ཁག་གིས་གནོད་འཚེ་ཕོག་ཁུལ་དུ་རོགས་རམ་གྱི་ཕྱག་ཟུང་བརྐྱངས་པ།
ཉིན་ཤས་བསྟུད་མར། གཞིས་རྩེའི་དིང་རིའི་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་རྒྱལ་ཡོངས་གོང་འོག་ཚང་མར་སེམས་ཁྲལ་ཆེན་པོ་བྱུང་ནས། ཚང་མས་གཅིག་མཇུག་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་སྟེ་གནོད་འཚེ་ཕོག་ཁུལ་མང་ཚོགས་དཀའ་ངལ་ལས་སྒྲོལ་རོགས་བྱས།
ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་གྱིས་འཕྲལ་དུ་གེགས་སེལ་དངོས་ཟོག་ཏུན་18གྲབས་གསོག་བྱས་པ་དག་གཙང་གླས་གནམ་གྲུ་བརྒྱུད་གཞིས་རྩེའི་གནོད་འཚེ་ཕོག་ཁུལ་དུ་དབོར་བ་རེད།
སི་ཁྲོན་ཞིང་ཆེན་གྱིས་རོགས་སྐྱོར་བྱས་པའི་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་ཏུན་850ཆེད་གཏོང་མེ་འཁོར་ནང་བླུགས་ནས། གཞིས་རྩེའི་མེ་འཁོར་འབབ་ཚུགས་ནུབ་མར་བདེ་བླག་ངང་འབྱོར་བའི་ནང་ཆེད་གཏོང་མེ་འཁོར་དང་པོའི་ནང་གཙོ་བོ་འཚོ་བའི་མཁོ་ཆས་དང་ཆེད་གཏོང་མེ་འཁོར་གཉིས་པའི་ནང་སྟབས་བདེའི་ཁང་པ་400བླུགས་ཡོད་པ་རེད།
རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རང་གྲབས་བྱས་པའི་བྱ་སྤུའི་སྟོད་ཐུང(སྲིང་བལ་སྟོད་ཐུང)དོ་པོ་290དང་། འབྲས་དང་། གྲོ་ཞིབ། སྣུམ་བཅས་སྒམ་300 གཏེར་ཆུ་སྒམ་400 ལྕི་བ་རྩྭ་རས་500བཅས་དང་། དེ་བཞིན་གཞན་ཕན་དགེ་སྒྲུབ་བྱ་གཞག་ཐེབས་རྩ་ལྷན་ཚོགས་དང་་མཐུན་སྦྱོར་བྱས་པའི་རྩམ་པ་ཏུན་32དང་། འབུད་ཤིང་ཏུན་350 ཀམ་པ་ལི་2000 ལྟེབ་ཁྲི་600བཅས་ཟླ་1ཚེས་11ཉིན་ལྷ་ས་ནས་ལྷ་རྩེ་རྫོང་དང་དིང་རི་རྫོང་གི་གནོད་འཚེ་ཕོག་ཁུལ་དུ་དབོར་བ་རེད།
རང་སྐྱོང་ལྗོངས་སྨན་རྩིས་ཁང་སྨན་བཅོས་རོགས་སྐྱོབ་རུ་ཁག་གིས་བཀོད་སྒྲིག་བྱ་ཡུལ་དུ་སྨན་བཅོས་རོགས་སྐྱོབ་དང་འོས་འགན་སྨན་བཅོས་བྱས་ཏེ། མི་ཐེངས་240ལྷག་ཙམ་ལ་སྨན་བཅོས་རོགས་སྐྱོབ་དང་སེམས་ཁམས་གསེད་བཀྲོལ་བྱས་པ་མ་ཟད། སྒོར་ཁྲི་2.8རི་བའི་བོད་སྨན་སྤྲད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་པའི་ཁག་གསུམ་པའི་དངོས་ཟོག་དབོར་འགོ་ཚུགས་པ་དང་རིན་ཐང་སྒོར་ཁྲི་354.61རི་བའི་གེགས་སེལ་དངོས་ཟོག་སྣ་ཚོགས་གྲབས་གསོག་བྱས་པར་རླངས་འཁོར་156ཟིན་པ་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་འབུད་ཤིང་སྐམ་པོ་ཏུན་100ལྷག་ཙམ་དང་ལྕི་བ་རྩ་རས་2000ལྷག་ཙམ་སོགས་ཞལ་འདེབས་བརྒྱབ་པ་རེད།
མིག་སྔར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལས་ཁུངས་ལས་དོན་ཅུས་ལ་རིམ་ཁག་སྡེ་ཚན་ཁག་དང་མི་སྒེར་གྱིས་ཞལ་འདེབས་བརྒྱབ་པ་ཁྱོན་སྒོར་402060ཟིན་ཡོད་པ་རེད།
བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་བརྒྱུད་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་སྒོར་ཁྲི་1000ཞལ་འདེབས་བརྒྱབ་པ་མ་ཟད། རོགས་སྐྱོར་རླངས་འཁོར་སྣ་ཚོགས་24སྔ་རྗེས་སུ་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་བཏང་སྟེ་ཡོམ་འགོག་གེགས་སེལ་དང་འགྲིམ་འགྲུལ་ཤར་བགྲོད་འགན་ལེན་གྱི་ལས་དོན་ཧུར་ཐག་སྤེལ་བ་རེད།
ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཚད་ཡོད་ཀུང་སིས་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་མ་ཟད། གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་སྟབས་བདེའི་ཁང་པ་600མཁོ་འདོན་བྱས་པར་མིག་སྔར་སྟབས་བདེའི་ཁང་པ་147ལྷག་ཙམ་བརྒྱབ་ཟིན་ཡོད། ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིས་བོད་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་ཞལ་འདེབས་དངུལ་སྒོར་ཁྲི་1500བརྒྱབ་ནས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་བསྐྲུན་གྱི་ལས་དོན་ལ་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་པ་རེད།