དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • རང་སྐྱོང་ལྗོངས་སྨན་རྩིས་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-29

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་110འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ཚུན་དུ། “རྒྱལ་ཁབ་ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)ནད་ཐོག་ཞིབ་འཇུག་རྟེན་གཞི”སོགས་རྟེན་གཞི་8དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)སོགས་ལྟེ་གནས་6གི་སྒོ་བྱང་སྔ་རྗེས་སུ་བཀལ་ནས་ནུས་པའི་ཡན་ལག་ཁུལ་ཆེན་པོ་6ཆགས་ཏེ། བོད་ལུགས་གསོ་རིག་སྨན་བཅོས་གཙོ་བོར་བྱས་པའི་སྨན་བཅོས་དང་། ཚན་ཞིབ། སློབ་ཁྲིད། སྔོན་འགོག འཕྲོད་སྦྱོར། བོད་སྨན་སྦྱོར་རྟ་དང་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཀ་པ་རིམ་པ་གསུམ་པའི་སྨན་རྩིས་ཁང་ལ་འཕེལ་རྒྱས་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་སྨན་རྩིས་ཁང་དེ་ཐོག་མའི་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཆེད་ལས་ཆེན་པོ་གཉིས་ནས་ད་ཆའི་ཆེད་ལས་30ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན་དང་རིག་ཚན་18དང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན་5ཡོད་པ་རེད། བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཇུས་གཞི་150དང་། བོད་ལུགས་གསོ་རིག་གི་ཕྱི་བཅོས་ལག་རྩལ་གྱི་ཚད་གཞི་བཀོལ་སྤྱོད་ཚད་གཞི་18 བོད་ལུགས་གསོ་རིག་གི་ནད་སྐྱོང་ལག་རྩལ་གྱི་ཚད་གཞི་བཀོལ་སྤྱོད་ཚད་གཞི་10 ལག་རྩལ་བཀོལ་སྤྱོད་ལ་འཚམ་པའི་སྒྲིག་སྲོལ་22བཅས་སྣེ་ཁྲིད་དེ་བཟོས་པས། རླུང་ནད་དང་ཕོ་ཁུམ་གཉན་ཚད་སོགས་ནད་རིགས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། “1+3+N”རྣམ་པའི་ཐོག་ནས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་རང་སྐྱོང་ལྗོངས་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་གཏིང་ཟབ་བྱས་པ་དང་། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ཡོད།

    ད་ཆ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དེ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་དང་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞིར་གྱུར་ཡོད། “རྒྱལ་སྨན་ལྷ་རྗེ”གཉིས་ཡོད་པ་རྣམ་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཀྲུང་ལུགས(བོད་ལུགས)གསོ་རིག་གི་ཕུལ་བྱུང་ཤེས་ལྡན་པའི་ཞིབ་འཇུག་ཟབ་སྦྱོང་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གསོ་རིག(བོད་ལུགས་གསོ་རིག)གི་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་འགན་ཁུར་ནས་ལོ་ལྟར་བོད་ལུགས་གསོ་རིག་གི་ཤེས་ལྡན་པ་མི་ཐེངས་1000ལྷག་ཙམ་གསོ་སྐྱོང་བྱེད་ཀྱི་ཡོད། “ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག”གི་བོད་ལུགས་གསོ་རིག་སྒྲིག་གཞིར་ཁྱབ་པའི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བརྙན་ལམ་དྲ་རྒྱའི་ལྟེ་གནས་བསྐྲུན་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་དང་གནམ་རིག་སྐར་རྩིས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་གདན་དྲངས་ནས་རིག་གཞུང་འཆད་ཁྲིད་བྱེད་ཀྱི་ཡོད། སྔ་རྗེས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་6བསྐྲུན་པ་དང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་40ལྷག་ཙམ་དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་160ལྷག་ཙམ་གྱི་འགན་ཁུར་བ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་དོན་ཞིབ་འཇུག་ལྟེ་གནས་ཆེན་པོ་གསུམ་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།