བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཆབ་མདོ་རི་དུང་བོད་སྨན་བཟོ་གྲྭར་སྤེལ་བ།
བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ལམ་བུ་འཚོལ་ཞིབ་བྱས་པ།
ཟླ་8ཚེས་23ཉིན། བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པའི་བརྗོད་དོན་གཙོ་བོའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རི་དུང་ཤང་དུ་སྤེལ་ཞིང་། ཀྲུང་དབྱང་སྨྱན་སྦྱོར་དང་། ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར། རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོ་བཅས་ཀྱི་གསར་འགོད་པའི་ཚོགས་པ་རི་དུང་བོད་སྨན་བཟོ་གྲྭར་བསྐྱོད་ནས་ས་གནས་ས་ཐོག་ཏུ་བཅར་འདྲི་དང་ས་ཆ་དངོས་སུ་བོད་ཤར་གྱི་སྲོལ་རྒྱུན་བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་རྨང་གཞི་དང་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ཉམས་ལེན་བྱས་པ་རེད།
བཅར་འདྲི་ཚོགས་པ་རི་དུང་ཤང་བོད་སྨན་ཁང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་། རི་དུང་བོད་སྨན་ཞིབ་བཟོ་ལྟེ་གནས། སྨན་རྩྭ་འདེབས་འཛུགས་རྟེན་གཞི་སོགས་སུ་སྔ་རྗེས་སུ་བསྐྱོད་ནས་ལྟ་སྐོར་དང་ཉམས་ལེན་བྱས་ཤིང་། བོད་སྨན་ཞིབ་བཟོ་ལྟེ་གནས་སུ་གསར་འགོད་པས་བོད་སྨན་གྲིབ་སྐམ་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ། དེང་རབས་ཅན་གྱི་བོད་སྨན་བཟོ་རྩལ་ལ་ལྟ་སྦྱོང་ཞིབ་ཕྲ་བྱས་པ་དང་། འདེབས་འཛུགས་རྟེན་གཞིར་རི་དུང་བོད་ལུགས་སྨན་ཁང་གི“སྤོམ་ལུང་ཁྱད་ལྡན་བོད་ལུགས་གསོ་རིག”གི་རྒྱུན་འཛིན་པ་མི་རབས་དགུ་པ་བློ་བཟང་བསོད་ནམས་ཀྱིས་ས་ཡུལ་དངོས་སུ་སྨྱན་སྦྱོར་གསར་འགོད་པར་ཡུལ་དེའི་སྨན་རྩྭ་སྐྱེ་འཚར་གྱི་ཁྱད་ཆོས་དང་། གསོ་སྐྱོང་ལག་རྩལ། སྨན་སྤྱོད་རིན་ཐང་བཅས་ཀྱི་སྐོར་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ས་གནས་ས་ཐོག་ཏུ་ས་མཐོའི་སྨན་རྩྭ་བཏུས་ཏེ་གསར་འགོད་པར་བྲོ་བ་མྱོང་དུ་བཅུག་ནས། ཚང་མས་ས་མཐོའི་གདོད་མའི་སྨན་རྩྭའི་ཐུན་མོང་མ་ཡིན་པའི་སྤུས་ཀ་དངོས་སུ་ཉམས་ལེན་བྱས་པ་རེད།
བཅར་འདྲི་ལྟ་སྦྱོང་བྱེད་རིང་། བཅར་འདྲི་ཚོགས་པས་བློ་བཟང་བསོད་ནམས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ། ལོ་བརྒྱའི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་གི་སྤོམ་ལུང་ལུགས་ཀྱི་རྒྱུན་འཛིན་ལོ་རྒྱུས་དང་། བོད་སྨན་གྱི་དེང་རབས་ཅན་གྱི་ཐོན་སྐྱེད་བཟོ་རྩལ། སྨན་རྒྱུ་འདེམས་པའི་ཚད་གཞི། དམངས་ཕན་སྨན་བཅོས་ཞབས་ཞུ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་སོགས་ཀྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཤེས་རྟོགས་གཏིང་ཟབ་བྱས་ནས། ཆབ་མདོའི་བོད་ལུགས་གསོ་རིག་དེ་གནའ་བོའི་རྒྱུན་འཛིན་ནས་གསར་གཏོད་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་གསོན་ཉམས་དོད་པའི་ལག་ལེན་ཟིན་ཐོར་ཞིབ་ཚགས་བཀོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་23ནས་ཚེས་26ཉིན་བར། བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཆབ་མདོར་རྒྱུན་མཐུད་སྤེལ་རྒྱུ་ཡིན་ཞིང་། བཅར་འདྲི་ཚོགས་པས་བྲག་གཡབ་རྫོང་དང་། ཁ་རུབ་ཆུས་ཀརྨ་ཤང་། རི་བོ་ཆེ་རྫོང་བཅས་སུ་སྔ་རྗེས་སུ་བསྐྱོད་དེ་ཁྱད་ལྡན་ཐོན་ལས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། དམངས་འཚོ་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། དུས་རབས་གསར་པའི་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོའི་རྣམ་པ་གསར་རྐྱང་ཞིག་ཟུར་ཚད་མང་པོ་ནས་མངོན་པར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།