དཔལ་ལྡན་རྒྱུད་བཞི་དང་སྨན་ཐང་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་པ།
ཉེ་ཆར། དཔལ་ལྡན་རྒྱུད་བཞི་དང་སྨན་ཐང་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སའི་གསོལ་མགྲོན་ཁང་དུ་འཚོགས་ཤིང་། འཇར་མན་དང་། དབྱིན་ཇི། ནེ་པ་ལ་སོགས་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་དང་། དེ་བཞིན་བོད་ལྗོངས་དང་། མཚོ་སྔོན། པེ་ཅིང་། ཀན་སུའུ་སོགས་ནས་ཡོང་བའི་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་པ་དང་སློབ་མ་200ལྷག་ཙམ་ཞུགས་ཡོད་པ་རེད།
ད་རེས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུར་རྒྱུད་བཞི་དང་སྨན་ཐང་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་བསྡོམས་120ལྷག་ཙམ་འབྱོར་བ་དང་། དེ་དག་ལ་ཆེད་མཁས་པས་ཞིབ་དཔྱད་ཐེངས་མང་བྱས་པ་བརྒྱུད། དཔྱད་རྩོམ115བདམས་ཏེ་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་བཟོས་ཤིང་། དེའི་ནང་བོད་ཡིག་གི་དཔྱད་རྩོམ་89དང་། རྒྱ་ཡིག་གི་དཔྱད་རྩོམ་29 དབྱིན་ཡིག་གི་དཔྱད་རྩོམ་4བཅས་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནི་སྤྱི་ལོ་1916ལོར་བཙུགས་པའི་ལྷ་ས་སྨན་རྩིས་ཁང་གི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བ་ཞིག་ཡིན། དེ་ཡང་སྤྱི་ལོ་1959ལོར་ལྷ་ས་གྲོང་ཁྱེར་སྨན་རྩིས་ཁང་བཙུགས་པ་དང་1980ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཞེས་པའི་མཚན་བྱང་བཀལ། ད་ལོ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་110འཁོར་བའི་བཀྲ་ཤིས་པའི་དུས་བཟང་ཡིན་ཞིང་། ཏང་དང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐུགས་ཁུར་འོག བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ་2023ལོར་གསོ་རིག་དཔལ་ལྡན་རྒྱུད་བཞི་འཛམ་གླིང་དྲན་ཤེས་མིང་མཛོད་ཀྱི་ཁོངས་སུ་ཚུད་པ་དང་། དུས་རབས་17ནས་20པའི་བར་དུ་འབྲི་བཞེངས་མཛད་པའི་གསོ་རིག་ཞལ་ཐང་དག་སྐབས་ལྔ་པའི་རྒྱལ་ཡོངས་ཡིག་ཚགས་རྒྱུ་ཆའི་ཤུལ་བཞག་མིང་མཛོད་དུ་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།