དབུ་ཤོག>བོད་ལུགས་གསོ་རིག
  • 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》(དེབ་81ནས་90བར)ཞུ་དག་གཏན་འཁེལ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    ཉེ་ཆར། 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》(དེབ་81ནས་90བར)གྱི་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་དང་ཞིབ་དཔྱད་ཚོགས་འདུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འཚོགས་ཤིང་། མཁས་དབང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནན་ཏན་དང་ཕྱོགས་ཡོངས་ཀྱི་སྒོ་ནས་རིག་གཞུང་ཞིབ་དཔྱད་བྱས་པ་བརྒྱུད། རྩ་ཆེའི་དཔེ་རྙིང་དེར་བདེ་བླག་ངང་ཞུ་དག་གཏན་འཁེལ་ཟིན་ནས་ད་ལོའི་ལོ་མཇུག་ཏུ་དངོས་སུ་དཔེ་སྐྲུན་བྱ་རྩིས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་2010ལོར་ཆེད་དོན་དཔྱོད་དོན་ཚོགས་ཆུང་བཙུགས་ནས་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་བསྡུ་རུབ་དང་། ལེགས་སྒྲིག ཞིབ་འཇུག་བཅས་བརྒྱུད་རིམ་ལྡན་པའི་ངང་བྱས་པ་རེད། ལོ་17རིང་དཔྱོད་དོན་ཚོགས་ཆུང་གིས་རང་ལྗོངས་ཀྱི་རྫོང(ཆུས)74ལ་སྐྱོད་པ་མ་ཟད། མཚོ་སྔོན་དང་། སི་ཁྲོན། པེ་ཅིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་བསྡོམས་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་བསྐྱོད་ནས་རིམ་རྩིས་བརྒྱབ་ན་དེབ་80པར་སློག་དང་དཔེ་སྐྲུན་ལེགས་གྲུབ་བྱུང་སྟེ་ད་ཐེངས་ཀྱི་དེབ་81ནས་90བར་བདེ་བླག་ངང་འདོན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། དཔེ་དེབ་ཆ་ཚང་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་དེས་ས་གནས་ཁག་ཏུ་ཁ་ཐོར་དུ་གནས་པའི་བོད་ལུགས་གསོ་རིག་གི་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས“མཐིལ་རྟོགས”དང“མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ”ཐེངས་གཅིག་བྱས་པ་མ་ཟད། དེ་བས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆའི་རྨང་གཞི་འབྱུང་རྩ་ནས་བརྟན་དུ་བཏང་སྟེ་སློབ་ཁྲིད་ཚན་ཞིབ་དང་། ནད་ཐོག་བཀོལ་སྤྱོད། དེ་བཞིན་སྨན་སྣ་གསར་པ་ཞིབ་འཇུག་གསར་སྤེལ་བཅས་ལ་རྩ་ཆེའི་གདོད་མའི་ཚད་ལྡན་ཡིག་ཆའི་འདེགས་སྐྱོར་བྱས་ཡོད་པ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེབ་91ནས་100བར་གྱི་བཅར་འདྲི་བརྟག་ཞིབ་དང་ཚད་ལྡན་ཡིག་ཆ་བསྡུ་རུབ་ལས་དོན་སྤེལ་འགོ་ཚུགས་ཏེ་2027ལོར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་བརྒྱ་ཚང་མ་ལེགས་སྒྲིག་དང་དཔེ་སྐྲུན་ཐུབ་རྒྱུའི་བརྩོན་ལེན་བྱེད་པ་དང་ཆབས་ཅིག རྩོམ་སྒྲིག་ཚོགས་པས་དེབ་1ནས་100བར་གྱི་སྤྱིའི་དཀར་ཆག་རྩོམ་སྒྲིག་དང་ཆེད་དོན་ཞིབ་འཇུག་ལས་དོན་དུས་མཚུངས་སུ་སྤེལ་མགྱོགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།