སྨན་སྒམ་ཆུང་ཡང་བརྩེ་སེམས་ཟབ། མི་རིགས་མཐུན་སྒྲིལ་གཏམ་རྒྱུད་སྙན།
—— བོད་ལུགས་གསོ་རིག་སྨན་པ་བློ་བཟང་བསོད་ནམས་ཀྱིས་མི་རབས་གསུམ་རིང་གི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གླེང་བ།
བོད་ལྗོངས་ཆབ་མདོ་རི་དུང་བོད་སྨན་ཞིབ་འཇུག་གསར་བཟོ་ལྟེ་གནས་ཚད་ཡོད་འགན་འཁྲི་ཀུང་སིའི་གཞུང་ལས་ཁང་དུ། བོད་ལུགས་གསོ་རིག་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་མི་རབས་དགུ་པ་བློ་བཟང་བསོད་ནམས་ཀྱིས་སྤོ་ལགས་ཀྱི་མི་རབས་ནས་བརྒྱུད་པའི་ཚོས་གཞི་ལོག་པའི་ཤིང་གི་སྨན་སྒམ་ལྗང་གུ་དེ་དལ་བུར་འཕྱིད་བཞིན། གསར་འགོད་པར་ཁོང་ཚོའི་ཁྱིམ་ཚང་གི་མི་རབས་གསུམ་གྱིས་ཆབ་མདོར་སྨན་བཅོས་ཀྱི་ལས་ཀར་གཞོལ་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་བཏང་བའི་སྐོར་གྱི་གཏམ་རྒྱུད་གླེང་བྱུང་།
དུས་རབས་གོང་མའི་ལོ་རབས་50པར། ཁྲུང་ཆིང་ཅང་ཅིན་ནས་ཡིན་པའི་འཐབ་འཛིང་པ་ལི་ཡོན་ལང་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་ཆབ་མདོར་ཡོང་ཞིང་། “རི་དང་འཕྲད་ན་ལམ་བཤངས་པ་དང་། ཆུ་དང་འཕྲད་ན་ཟམ་པ་རྒྱག་པའི”འབོད་སྒྲའི་ཁྲོད། ལག་ཟུང་ལ་བརྟེན་ནས་གངས་ལྗོངས་ཀྱི་མཁའ་ལམ་བསྐྲུན་པའི་དཔུང་ཁག་ནང་ཞུགས། དམག་ཞབས་ཐིམ་རྗེས་ཁོང་ལམ་སྐྱོང་བཟོ་པར་གྱུར་པ་དང་བོད་རིགས་བུ་མོ་ལྷ་མོ་དང་ལས་འཕྲོའི་མདུད་པ་ཐེབས་ནས་ཁ་རུབ་ཆུས་རི་དུང་ཤང་དུ་ཁྱིམ་གཞིས་བཙུགས། ལི་ཡོན་ལང་གིས་སྨན་བཅོས་ཕྲན་བུ་བྱེད་ཤེས་པ་དང་། བོད་དུ་ཡོང་སྐབས་སྨན་སྒམ་ཞིག་ཁུར་ཡོད་པ་དེའི་ནང་དུ་སྨན་ཁབ་རྒྱག་ཆས་དང་ཉན་བརྟག་ཡོ་བྱད་སོགས་གཞི་རྩའི་སྨན་བཅོས་ཡོ་བྱད་དང་རྒྱུན་སྤྱོད་སྨན་རིགས་བླུགས་ཡོད་ཅིང་། ལོ་ན་གཞོན་དུས་རྟག་ཏུ་ཡུལ་ལུང་དེ་གའི་བོད་རིགས་མང་ཚོགས་ལ་སྤྱིར་བཏང་གི་ནད་གཞི་སྨན་བཅོས་བྱེད་མྱོང་།
དེ་ལྟར་ལས་དབང་གསོ་རིག་དང་དམ་དུ་སྦྲེལ་ཞིང་། ཐེངས་ཤིག་ལི་ཡོན་ལང་ལ་རང་གིས་ཀྱང་བཅོས་ཐབས་བྲལ་བའི་ན་ཚ་ཡ་མཚན་ཞིག་ཕོག་པར་བརྟེན། ཡུལ་དེ་གར་སྐད་གྲགས་ཆེ་བའི་བོད་ལུགས་གསོ་རིག་སྨན་པ་སྐྲ་བཟང་གི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད། སྨན་པ་ཁོང་གཉིས་འཕྲད་མ་ཐག་ནས་གྲོགས་པོ་རྙིང་པ་ཞིག་དང་འདྲ་བར་ནད་གཞིའི་སྐོར་ནས་བགྲོ་གླེང་མང་པོ་བྱས་ཤིང་། ཀྲུང་ལུགས་གསོ་རིག་གི་རྩོད་སྒྲུབ་བཅོས་ཐབས་དང་བོད་ལུགས་གསོ་རིག་གི་དམིགས་བསལ་བཅོས་ཐབས་ཀྱི་སྐོར་གླེང་སྐབས་ཕན་ཚུན་ལྟ་བ་མཐུན་ས་དང་མི་མཐུན་སའང་མང་པོ་ཡོང་གི་ཡོད།
“ཁྱེད་ཀྱི་སྤོ་བོ་ལགས་ཀྱིས་མང་ཚོགས་རྣམས་གཉེན་ཉེ་ལྟ་བུར་བརྩིས་ནས་བྱམས་སྐྱོང་བྱེད་བཞིན་ཡོད་པས། ཁོང་གི་དམངས་ལ་བརྩེ་བའི་ལྷག་བསམ་དཀར་པོ་དེ་ངས་ད་ལྟའི་བར་དུའང་གསལ་པོར་དྲན་གྱི་འདུག” སྐབས་དེ་དུས་ཀྱི་གནས་ཚུལ་ད་དུང་ཡང་སྐྲ་བཟང་ལ་གསལ་པོར་ཤོད་རྒྱུ་ཡོད་ཅིང་། ལི་ཡོན་ལང་གིས་ལག་རྟགས་སུ་སྤྲད་པའི་ཤིང་གི་སྨན་སྒམ་དེ་ཁོང་གཉིས་མཛའ་ཞིང་བརྩེ་བའི་གྲོགས་པོར་གྱུར་པ་དང་རྒྱ་བོད་གསོ་རིག་ཟུང་འབྲེལ་བྱས་པའི་དཔང་པོར་གྱུར་ཡོད། མཛའ་བརྩེ་ཟབ་མོ་དེའི་དབང་གིས་ལི་ཡོན་ལང་གི་བུ་མོ་བྱམས་པ་དང་སྐྲ་བཟང་དབར་གཉེན་འབྲེལ་གྱི་དར་སྐུད་རིང་མོ་ཡུག་གཅིག་ཏུ་སྦྲེལ་ནས་བོད་རྒྱ་ཁྱིམ་ཚང་གཉིས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།
གནོང་འགྱོད་ཆེ་ཤོས་ཤིག་ནི་ཁོང་གཉིས་ཀྱི་བུ་བློ་བཟང་བསོད་ནམས་མ་སྐྱེས་གོང་དུ་ལི་ཡོན་ལང་ཚེ་ལས་འདས་པ་དེ་རེད། འོན་ཀྱང་། ཕ་ལི་ཡོན་ལང་གི་སྤྱོད་བཟང་སློབ་སྟོན་དང་སྤོ་བོའི་སྨན་བཅོས་ཀྱི་མཛད་རྗེས་གཏམ་རྒྱུད་ཀྱི་བག་ཆགས་འོག གསོ་རིག་སྦྱོང་འདོད་ཀྱི་ས་བོན་བློ་བཟང་བསོད་ནམས་ཀྱི་སེམས་ཀྱི་ཞིང་སར་སྔ་ས་ནས་བཏབ་ཡོད། ལོ་བཅུར་སླེབས་པ་ནས་བཟུང་ཁོང་གིས་སྐྲ་བཟང་གི་དྲུང་ནས་གསོ་རིག་ལ་སྦྱངས་བརྩོན་བྱས་ཤིང་། རང་ཁྱིམ་དུ་བརྩིགས་པའི་གསོ་རིག་གི་བསྟན་བཅོས་དང་། མེས་པོ་རྒན་རབས་རྣམས་ཀྱིས་བརྩམས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད། གྲོང་པ་ཁྱིམ་མཚེས་ཚོས་སྨན་པ་རྣམ་གཉིས་ལ་གཏོར་བའི་བསྔགས་བརྗོད་ཀྱི་མེ་ཏོག་བཅས་ནི་ཁོང་འཚར་ལོངས་བརྒྱུད་རིམ་ཁྲོད་ཀྱི་བདེ་སྐྱིད་ཅིག་ཏུ་གྱུར་ཡོད།
2018ལོར་བློ་བཟང་བསོད་ནམས་ཀྱིས་ཨ་ཕའི་ལག་ནས་སྨན་སྒམ་བླངས་ཏེ་བོད་སྨན་ཞིབ་འཇུག་གསར་བཟོ་ལྟེ་གནས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས། མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི“སྤོམ་ལུང་བོད་ལུགས་གསོ་རིག”གི་ལག་རྩལ་རྒྱུན་འཛིན་གྱི་འགན་ཁུར་བ་དང་སྦྲགས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་མུ་མཐུད་བསྒྲུབས་པ་རེད། ཁོང་གིས་སྤོ་བོ་དང་ཨ་ཕའི་མཛའ་གཅུགས་ནི་གསོ་རིག་མཉམ་འདྲེས་དང་དམངས་ཀྱི་ཆེད་དུ་འབད་བརྩོན་བྱེད་པའི་ཐོག་མའི་བསམ་འདུན་ལས་བྱུང་བ་གསལ་པོར་རྟོགས་ཀྱི་ཡོད་པས། རང་འགུལ་ངང་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་པ་རེད།
2018ལོ་ནས་ད་བར། བློ་བཟང་བསོད་ནམས་ཀྱིས་བོད་སྨན་ཞིབ་འཇུག་གསར་བཟོ་ལྟེ་གནས་ཀྱི་སྣེ་ཁྲིད་དེ། རི་དུང་ཤང་དང་དེ་བཞིན་མཐའ་འཁོར་གྱི་ཚེར་དབད་ཤང་དང་རུ་བཞི་ཤང་གི་མང་ཚོགས་ལ་རྒྱུན་སྲིང་ལྷོད་མེད་ངང་སྨན་རིན་ཁ་གསབ་དང་དེ་བཞིན་འཚམས་འདྲིའི་དངུལ་དང་འཚོ་བའི་དངོས་ཟོག་སོགས་སྤྲད་པར་རིན་ཐང་སྒོར་ཁྲི་1700ལྷག་ཙམ་ཟིན་པ་དང་། ཐོག་མའི་དུས་སུ་དུད་ཚང་རེར་ཁ་གསབ་སྒོར་250སྤྲོད་པ་ནས་ད་ཆ་མི་རེར་སྒོར་300སྤྲོད་པའི་བར་གྱི་འགྱུར་ལྡོག་ནི་མི་སེར་ལ་བཅངས་པའི་བྱམས་བརྩེ་དང་སྙིང་རུས་ལས་བྱུང་བ་སྨོས་ཅི་དགོས། བློ་བཟང་བསོད་ནམས་ཀྱིས། “སྤོ་བོ་མཐོང་མ་མྱོང་ནའང་སྨན་སྒམ་འདི་དང་རྒན་རབས་ཚོའི་ངག་སྒྲོས་ནས་གང་ཞིག་ལ་བརྟན་སྲུང་དང་མཉམ་འདྲེས་ཟེར་མིན་ངས་གསལ་པོར་རྟོགས་བྱུང” ས་མཐོར་གཞིས་ཚུགས་པའི་སྤོ་བོ་ལགས་ཀྱི་ལྷག་བསམ་རྣམ་དག་དང་སྨན་པའི་བྱམས་བརྩེ་ལས་བྱུང་བའི་ཨ་ཕའི་བརྟན་སྲུང་གི་སྤྱོད་བཟང་ནི་ངས་མུ་མཐུད་འབད་བརྩོན་བྱེད་པའི་སྒུལ་ཤུགས་ཡིན་ཞེས་བརྗོད།
ད་ཆ་ཤིང་གི་སྨན་སྒམ་དེ་རི་དུང་སྨན་རྩིས་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམས་ཁང་དུ་བཤམས་ཡོད་ཅིང་། དེ་ནི་མི་རབས་གསུམ་གྱིས་མི་རིགས་མཐུན་སྒྲིལ་གྱི་ལས་ལ་གཞོལ་བའི་གཏམ་རྒྱུད་ཀྱི་དཔང་པོ་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།