དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • མི་རིགས་ཀྱི་གསོ་རིག་སྨན་རྫས་ཁྲོད་ཀྱི་ནད་རིགས་རིགས་དབྱེ་དང་ཚབ་རྟགས་ཐད་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-31

    ཉེ་ཆར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་གཞུང་ཕྱོགས་དྲ་བར《བོད་ལུགས་གསོ་རིག་གི་ནད་རིགས་རིགས་དབྱེ་དང་ཚབ་རྟགས》ཞེས་པའི་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། གསར་འགོད་པས་འཆར་ཟིན་འགོད་པའི་ནང་ཞུགས་མཁན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚད་གཞི་དེའི་འཆར་ཟིན་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་ཞིང་། ཟླ་4ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚད་གཞི་དེ་ནི་མི་རིགས་ཀྱི་གསོ་རིག་སྨན་རྫས་ཁྲོད་ཀྱི་ནད་རིགས་རིགས་དབྱེ་དང་ཚབ་རྟགས་ཐད་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་ཡིན་པ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་སློབ་སྤྱི་དང་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་བོད་ལུགས་གསོ་རིག་ཚད་ལྡན་ཅན་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་མིག་དམར་གྱིས“《བོད་ལུགས་གསོ་རིག་གི་ནད་རིགས་རིགས་དབྱེ་དང་ཚབ་རྟགས》ཀྱིས་བོད་ལུགས་གསོ་རིག་གི་རིག་གཞུང་དང་གཞུང་ལུགས་ཀྱི་གཞི་མར་བརྩི་སྲུང་དང་བོད་ལུགས་གསོ་རིག་གི་ནད་ཐོག་བརྟག་དཔྱད་ཀྱི་དགོས་མཁོ་བསྐངས་ཏེ། བོད་ལུགས་གསོ་རིག་གི་ནད་རིགས་དེ་རྒྱུ་རྐྱེན་ཆེན་པོ་གསུམ་སོགས་རིགས་ཆེན་པོ་15དང་རླུང་ནད་སོགས་ཁག་97ལ་དབྱེ་ཡོད་པ་མ་ཟད། བོད་ལུགས་གསོ་རིག་ནད་རིགས་ཀྱི་ཐ་སྙད་དང་རིགས་དབྱེ་ཚབ་རྟགས་རེའུ་མིག་སྒྲིག་བཟོ་བྱས་ནས་ནད་རིགས་3000ལྷག་ཙམ་གྱི་ཚབ་རྟགས་དང་བོད་ལུགས་གསོ་རིག་ནད་ཀྱི་མིང་སོགས་གཏན་འབེབས་བྱས་ཡོད”ཅེས་བཤད་པ་རེད།

    མིག་དམར་གྱིས《བོད་ལུགས་གསོ་རིག་གི་ནད་རིགས་རིགས་དབྱེ་དང་ཚབ་རྟགས》དེ་བོད་ལུགས་གསོ་རིག་གི་རིག་གཞུང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལུགས་གསོ་རིག་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ལས་རིགས་དོ་དམ་ཚད་ལྡན་དུ་གཏོང་བ། བོད་ལུགས་གསོ་རིག་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་པས་བོད་ལུགས་གསོ་རིག་གིས་སྙིང་བཅུད་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཟམ་མི་ཆད་པར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།