བོད་སྨན་སྨན་པ་པ་སངས་མཚོ་མོས་བརྗོད་དོན།
ངས་ཡུལ་མི་ཚོའི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན།
མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་དུ་བོད་སྨན་སྨན་པ་པ་སངས་མཚོ་མོའི“བདེ་གླིང་སྒོ་བསྟེན་སྨན་ཁང”ནི་ཡུལ་མི་ཚོའི་སེམས་ནང་གི“བདེ་ཐང་སྲུང་སྐྱོབ་ས་ཚིགས”རེད། བོད་སྨན་གྱི་དྲི་བསུང་སྲང་ལམ་གང་སར་ལམ་ལམ་དུ་འཐུལ་བ་དེ་ཐོག་ནས་པ་སངས་མཚོ་མོས་བོད་ལུགས་གསོ་རིག་གི་ལག་རྩལ་རྒྱུན་འཛིན་དང་ཡུལ་ཕྱོགས་གཅིག་གི་མི་སེར་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་ཡོད་ལ། རང་ལྗོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་ལག་ལེན་དེ་བས་ཀྱང་གསལ་པོར་མཚོན་ཡོད།
པ་སངས་མཚོ་མོ་ལོ་15ལ་སླེབས་པའི་དུས་བོད་ལུགས་གསོ་རིག་དང་ལས་དབང་དམ་པོར་འབྲེལ་ཞིང་། དེང་རབས་གསོ་རིག་སློབ་སྦྱོང་གཏིང་ཟབ་བྱེད་ཀྱིན་དུ་སྲོལ་རྒྱུན་གྱི་གསོ་རིག་ལ་སེམས་ཁུར་བྱེད་མཁན་ཨ་ཕ་དགེ་གཉེན་ཚེ་ཐར་གྱི་རྒྱབ་སྐྱོར་འོག པ་སངས་མཚོ་མོས་བོད་ཀྱི་གསོ་བ་རིག་པ་སློབ་སྦྱོང་བྱེད་པའི་ལམ་ལ་བཞུད་ཅིང་། ལོ་བཅུ་ལྷག་ཙམ་རིང་། ཁོང་གིས་རི་མཐོའི་རྩྭ་སྨན་དབྱེ་འབྱེད་དང་། གློག་སྒྲོན་འོག་བོད་ཀྱི་གསོ་རིག་ཀུན་འདུས་ཆེན་པོ་ཞིབ་ཀློག རྩ་གཟིགས་ནད་བརྟག་གི་ལག་རྩལ་སྦྱོང་བརྡར་ཡང་ཡང་བཅས་བྱས་ཏེ། དགའ་ཞེན་དང་བརྟན་སྲུང་བྱ་རྒྱུ་དེ་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ནས་བོད་ལུགས་གསོ་རིག་གི་ནད་བཅོས་འཇོན་ཐང་བྱང་ཆུབ་པ་ཞིག་སྦྱངས་ཡོད།
སློབ་གྲྭ་ཐོན་རྗེས། ཡུལ་མི་ཚོར་ཞབས་འདེགས་ཞུ་སེམས་ཡིད་ལ་བརྟན་པོར་བཅངས་ནས་ཁོང་གཞི་རིམ་དུ་གཞིས་ཆགས། རྨམ་པ་ཤང་འཕྲོད་བསྟེན་ཁང་ནས་ཉི་མ་ལྕང་ར་ཤང་འཕྲོད་བསྟེན་ཁང་བར་ལོ་ལྟར་ཡུལ་མི་ཚོ་དང་འབྲེལ་འདྲིས་བྱེད་པའི་དུས་ཚོད་ནང་པ་སངས་མཚོ་མོས་མང་ཚོགས་ཀྱི“སྒོ་རྩར་བློ་བདེ་པོས་ནད་ལྟ་བའི”ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱུང་རྗེས། ཁོང་གིས་ཤེས་རྟོགས་དེ་ལས་གཏོད་ཀྱི་བློ་སྟོབས་ལ་བསྒྱུར་ནས་ལས་ཀ་བརྟན་པོ་དེ་དགོངས་ཞུ་བྱས་ཏེ“བདེ་གླིང་སྒོ་བསྟེན་སྨན་ཁང”བཙུགས་པ་དང་མང་ཚོགས་ཚོར་ཐག་ཉེ་ས་ནས་བོད་ལུགས་གསོ་རིག་གི་ཞབས་འདེགས་ཞུས། ད་ཆ་སྒོ་བསྟེན་སྨན་ཁང་གིས་ཉིན་རེར་ནད་པ་མི་ཐེངས་40ལྷག་ཙམ་ལ་སྨན་བཅོས་བྱེད་པ་དང་བོད་སྨན་དང་རྒྱ་སྨན་སྣ་ཁ་200ལྷག་ཙམ་གྲ་སྒྲིག་བྱས་ཏེ་ཚིགས་ནད་དང་། ཆམ་ནད། བུད་མེད་ཀྱི་ནད་སོགས་ས་གནས་དེ་གའི་རྒྱུན་མཐོང་གི་ནད་རིགས་ལ་ཁ་གཏད་གནད་སྨིན་གཅོག་པ་དེ་གྲོང་གསེབ་ཀྱི་མངོན་གསལ་དོད་པའི“བདེ་ཐང་གནས་ཚད”ལ་གྱུར།
ཉིན་ལྟར་ཞོགས་པར། སྨན་ཁང་ཕྱི་རོལ་གྱི་རྡོ་སྐས་སྟེང་དུ་ནད་པ་མང་པོ་བང་འགྲིག་ནས་ཡོད། པ་སངས་མཚོ་མོས་སྨན་གོས་དཀར་པོ་གྱོན་ནས་སྨན་བཅོས་སྒྲོག་ཙེའི་མདུན་དུ་གོ་རིམ་ལྡན་པའི་སྒོ་ནས་རྩ་ལྟ་བ་དང་། འདྲི་བརྟག་བྱེད་པ། སྨན་ཐོ་བཀོད་པ་བཅས་བྱེད་ཀྱི་ཡོད། ཡུལ་མི་རྣམས་དེ་བས་བློ་བདེ་བ་ཞིག་ནི་རྒན་ཡོལ་ཞུས་པའི་ཨ་ཕ་དགེ་གཉེན་ཚེ་ཐར་ཉིན་ལྟར་སྨན་ཁང་དུ་རོགས་པ་བྱེད་པར་ཡོང་བ་དང་། ཕ་དང་བུ་མོ་གཉིས་ཀྱི་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་ཕན་ཚུན་གསབ་རེས་བྱེད་པའི་སྨན་བཅོས་བྱེད་སྟངས་ཀྱིས་ནད་པར་ཕྱོགས་ཡོངས་ནས་འགན་སྲུང་ཐུབ་པ་དང་། སྨན་ཁང་ནང་བློ་འདྲི་བྱེད་མཁན་དང་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་ཡོད་པ་ལས་བྱམས་སེམས་ཅན་གྱི་སྨན་པའི་འགན་འཁྲི་འཁུར་སེམས་ལ་བདེན་དཔང་བྱེད་ཀྱི་ཡོད།
བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་ལག་ལེན་པ་ཞིག་ཡིན་པའི་པ་སངས་མཚོ་མོའི་སྒོ་བསྟེན་སྨན་ཁང་དེ་ཡང་གཞི་རིམ་གྱི་བོད་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་སའི“ས་རྒྱུ་གཤིན་པོར”གྱུར་ཡོད། སྨན་ཁང་གིས་ལོ་ལྟར་ས་གནས་དེ་གའི་སློབ་མ་བཞི་ལྔ་དངོས་སྦྱོང་ལ་དང་ལེན་བྱེད་པ་མ་ཟད། པ་སངས་མཚོ་མོས་སློབ་མ་ཚོར་གསེར་ཁབ་རྒྱག་སྟངས་དང་སྨན་ངོ་འཛིན་སྟངས་སློབ་ཀྱི་ཡོད། “སྨན་བཅོས་བྱེད་པར་བྲེལ་འཚུབ་བྱེད་མི་རུང་། ངང་རྒྱུད་རིང་པོ་བྱས་ན་ད་གཟོད་ནད་གཞི་གནད་ལ་འཁེལ་པོས་རྩད་གཅོད་བྱེད་ཐུབ”ཅེས་པའི་ཨ་ཕའི་བཀའ་སློབ་དེ་ཁོང་གི་སྨན་བཅོས་ལས་ལ་གཞོལ་བའི་ཚད་གཞིར་གྱུར་པ་མ་ཟད། དགེ་ཕྲུག་ཚང་མར་ཡང་བརྒྱུད་སྤྲོད་བྱེད་ཀྱི་ཡོད།
འབྱུང་འགྱུར་སྐོར་གླེང་སྐབས། པ་སངས་མཚོ་མོས“ངས་སྒོ་བསྟེན་སྨན་ཁང་དེ་རྒྱ་ཆེར་གཏོང་བ་དང་། གཞོན་ནུ་དེ་བས་མང་བ་བོད་ཀྱི་གསོ་བ་རིག་པ་སློབ་སྦྱོང་བྱེད་པར་བསྡུས་ནས་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་དེ་བས་ལེགས་པའི་ཞབས་ཞུ་ཕ་ཡུལ་གྱི་ས་གཞི་འདིར་ཕུལ་ཏེ་ཡུལ་མི་ཚོའི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བློ་རྩ་བརྟན་པོས་བརྗོད། པ་སངས་མཚོ་མོས་བརྟན་སྲུང་བྱས་པ་དེ་ནི་ཁོང་མི་སྒེར་གྱིས་སྨན་བཅོས་ལས་ལ་བཅངས་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་ཞིག་ཡིན་པ་མ་ཟད། བོད་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་མང་ཚོགས་ཁྲོད་དུ་རྩ་བ་ཚུགས་ནས་དམངས་འཚོར་ཞབས་འདེགས་ཞུ་བའི་མཚོན་ཚུལ་ཞིག་ཀྱང་ཡིན། ཁོང་ཚོའི་འབད་བརྩོན་ལས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་ཁེ་དབང་ལ་འགན་སྲུང་བྱེད་པར་དྲོ་སྐྱིད་སྦྱིན་པ་དང་སྲ་ཞིང་བརྟན་པའི་སྟོབས་ཤུགས་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།