གཞུང་འཁྱོངས་གསར་འབྱེད་ཀྱིས་བོད་ལུགས་གསོ་རིག་གི་གསོན་ཤུགས་འཕེལ་བར་བྱས་པ།
—བོད་ཀྱིས་བོད་ལུགས་གསོ་རིག་དེང་རབས་ཅན་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་དང་། དེས་དུས་རབས་གསར་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་གྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བརྗོད་ན། བོད་ལུགས་གསོ་རིག་ལ་དུས་བདེ་ཞིང་གནས་ལེགས་པ་མི་སེམས་མཐུན་པའི་འཕེལ་རྒྱས་ཀྱི་གོ་སྐལ་ཐོབ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ལུགས་གསོ་རིག་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། བོད་ལུགས་གསོ་རིག་དེང་རབས་ཅན་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། བོད་ལུགས་གསོ་རིག་ཀྱི་བྱ་གཞག་དང་ཐོན་ལས་ལ་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས། བོད་ལུགས་གསོ་རིག་ཀྱི་ཐོན་ལས་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་17གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་25ལས་བརྒལ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱིས་འཕེལ་རྒྱས་འགྲོ་བ་དང་ཡུལ་སྐོར་ཁྲོམ་ར་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་དང་བསྟུན། ས་གནས་ཁག་གིས་ཐོན་ལས་མཚམས་སྦྱོར་དུ་བྱེད་པ་དང་ཐོན་ལས་འཁོར་འབྲེལ་གྱིས་གསར་གཏོད་འཁོར་འབྲེལ་འཁྲིད་དེ“བོད་ལུགས་གསོ་རིག་སྨན་རྫས+”གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད་པ་རེད། བོད་ལུགས་གསོ་རིག་དེ་རིག་གནས་དང་། ཡུལ་སྐོར། ལུས་གསོ་སོགས་དང་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་ཆབས་ཅིག་བོད་ལུགས་གསོ་རིག་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་ནས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་ལ་གསོན་ཤུགས་གསར་པ་ཐོན་ཡོད་པ་རེད།
མིག་སྔར་ལྗོངས་ཡོངས་སུ་སྨན་བཅོས་དང་། འཕྲོད་སྦྱོར། ཚན་ཞིབ། སློབ་གསོ། ཐོན་ལས། རིག་གནས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་བོད་ལུགས་གསོ་རིག་ཐོན་ལས་ཀྱི་རྣམ་པ་གསར་པ་ཞིག་སྤྱིར་ན་ཆགས་ཡོད་དེ། བོད་སྨན་ཐོན་སྐྱེད་ཁེ་ལས་ཁག་ལག་ཤེས་ལས་ཁང་ནས་བཟོ་ལས་ཅན་དུ་མངོན་འགྱུར་བྱུང་ནས་རིམ་བཞིན་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན་དུ་གྱུར་ཏེ། ཁྱད་ཆོས་དང་དགེ་མཚན་སྔར་བས་མངོན་གསལ་དོད་དུ་སོང་ནས་རིམ་བཞིན་གཞི་ཁྱོན་ལྡན་པའི་བོད་སྨན་ཁེ་ལས་དང་བོད་སྨན་གྱི་གྲགས་ཅན་སྤུས་རྟགས་ཁག་གཅིག་བྱུང་ཡོད་པ་རེད། 2023ལོ་ཁོ་ནར་བོད་ཀྱི་བོད་ལུགས་གསོ་རིག་ཐོན་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལས་བརྒལ་ཡོད་པ་རེད།
ད་ཆ་བོད་ལུགས་གསོ་རིག་དང་འབྲེལ་ཡོད་བོད་ཀྱི་རིག་གནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་སྤྱིའི་མཐོང་ལམ་དུ་སྐྱོད་འགོ་ཚུགས་ཞིང་། བོད་ཀྱི་སྒོ་དབྱེ་དང་། སྤེལ་རེས། མཉམ་ལས་བཅས་ཀྱི“མིང་བྱང”ཞིག་ཏུ་གྱུར་ཡོད་པ་རེད།
2022ལོར་བོད་ཀྱིས་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་བཏོན་ནས། ཁྲོམ་ར་ཁྲིད་སྟོན་དུ་བྱས་ཏེ་བོད་སྨན་ཐོན་ལས་ཀྱི་ཁྱབ་ཚུལ་ལེགས་སྒྲིག་ལེགས་སྒྱུར་གཏོང་བ་དང་། བོད་སྨན་ཁེ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་ཤུགས་ཆེན་བྱེད་པ། བོད་སྨན་ཁེ་ལས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལུགས་གསོ་རིག་ཀྱི་སྤུས་རྟགས་གཏོད་པ་དང་། བོད་ཀྱི་བོད་ལུགས་གསོ་རིག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཡོད་པ་རེད།
“བོད་ནི་བོད་ལུགས་གསོ་རིག་ཀྱི་འབྱུང་ཁུངས་ཡིན་ཞིང་། བོད་ལུགས་གསོ་རིག་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན་པས་གསར་སྤེལ་གྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད་པ་རེད། བོད་ལུགས་གསོ་རིག་ནི་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ཆེད་ལས་ཚོགས་པ་དང་ཞིབ་འཇུག་ལམ་སྲོལ་འཛུགས་པ། གྲུབ་འབྲས་གཞན་སྒྱུར་གྱི་སྟེགས་བུ་སྐྲུན་པ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཐོན་རྫས་སུ་སྒྱུར་བ་དང་འབྲེལ་སྤྱི་ཚོགས་ཐོག་ཁྱབ་གདལ་གཏོང་བ་བཅས་བྱས་ཚེ་མང་ཚོགས་དེ་བས་མང་བར་ཕན་བདེ་སྐྲུན་ཐུབ་པ་མ་ཟད། དེ་བས་མང་བའི་ཐོན་ལས་དཔལ་འབྱོར་འཁོར་འབྲེལ་ལ་སྐུལ་ཁྲིད་ཀྱང་བྱེད་ཐུབ”ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་གི་དགེ་རྒན་ཆེ་མོ་གཞོན་པ་སྨོན་སྐྱིད་མཚོ་མོས་བཤད།