གཞུང་འཁྱོངས་གསར་འབྱེད་བྱས་ནས་བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་རྒྱས་པར་བྱས་པ།
—— རང་ལྗོངས་ཀྱིས་བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དང་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་ལུགས་གསོ་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཐོག་བོད་ཀྱི་གསོ་བ་རིག་པའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དང་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ་དང་འབྲེལ་བོད་ཀྱི་གསོ་རིག་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། ལྗོངས་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་17གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25ལས་བརྒལ་ཡོད་པ་རེད།
ལེགས་ཆ་འབུར་དུ་ཐོན་ནས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པ།
གསར་འགོད་པས་ལྷ་ས་གངས་ལྗོངས་སྨན་རྫས་ཚོང་ཁང་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མུ་ཏིག་བདུན་ཅུ་དང་ཆེས་བྲིན་ཟུག་འཇོམས་འབྱར་སྨན་སོགས་ཉོ་བ་མཐོང་། སྦྱིན་བདག་གིས“ལོ་འདི་དག་ནང་བོད་དུ་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ནས་བོད་སྨན་ཉོ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་གསར་འགོད་པར་བཤད་བྱུང་།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། ས་ཁུལ་ཁག་གིས་ཐོན་ལས་ཀྱི་མཚམས་སྦྱོར་དུ་བྱེད་པ་དང་ཐོན་ལས་འཁོར་འབྲེལ་གྱིས་གསར་གཏོད་འཁོར་འབྲེལ་ལ་སྐུལ་ཁྲིད་བྱས་ཏེ“བོད་ཀྱི་གསོ་བ་རིག་པ་+”དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་ནས་ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། བོད་ཀྱི་གསོ་བ་རིག་པ་དེ་རིག་གནས་དང་། ཡུལ་སྐོར། ཁམས་གསོ་སོགས་དང་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་བསྟུན་ནས། བོད་ཀྱི་གསོ་བ་རིག་པར་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་ནས་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་གསར་པ་རྒྱས་ཡོད་པ་རེད།
མིག་སྔར། ལྗོངས་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལ་སྨན་བཅོས་དང་། བདེ་སྲུང་། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་སྤྱིར་ན་ཆགས་ཡོད། བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱིས་ལག་བཟོ་ནས་བཟོ་ལས་ཅན་དུ་བསྒྱུར་ཏེ་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་རིམ་བཞིན་མངོན་འགྱུར་བྱུང་བ་མ་ཟད། ཁྱད་ལྡན་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་རིམ་བཞིན་གཞི་ཁྱོན་ཅན་གྱི་བོད་སྨན་ཁེ་ལས་དང་བོད་སྨན་སྤུས་རྟགས་གྲགས་ཅན་ཁག་གཅིག་ཐོན་ཡོད། 2023ལོ་ཁོ་ནར། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་དང་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་30ལས་བརྒལ་ཡོད་པ་རེད།
ད་ཆ་བོད་ཀྱི་གསོ་བ་རིག་པ་དང་དེ་བཞིན་དེ་དང་འབྲེལ་བའི་བོད་ཀྱི་རིག་གནས་རྒྱལ་སྤྱིར་ཁྱབ་བསྒྲགས་ཐུབ་ནས་བོད་ཀྱི་སྒོ་དབྱེ་སྤེལ་རེས་དང་མཉམ་ལས་ཀྱི“མིང་བྱང”ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།
2022ལོར། བོད་ཀྱིས་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་གསོ་རིག་བྱ་གཞག་འཕེལ་རྒྱས་འཆར་འགོད་བཏོན་ཞིང་། ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས་བོད་སྨན་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་དང་། བོད་སྨན་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་ཤུགས་ཆེན་བྱེད་པ། བོད་སྨན་ཁེ་ལས་ཀྱི་མ་འཇོག་དང་མ་དངུལ་འཁོར་རྒྱུག་གི་ཁོར་ཡུག་ལེགས་སུ་གཏོང་བ། ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་གསོ་རིག་གི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།
གསར་གཏོད་སྐུལ་སྤེལ་བྱས་ནས་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།
“བོད་ནི་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་ཡིན་ཞིང་། བོད་ཀྱི་གསོ་བ་རིག་པར་མང་ཚོགས་ཀྱི་རྨང་གཞི་བཟང་པོ་ལྡན་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པས། གསར་སྤེལ་གྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད། བོད་ཀྱི་གསོ་བ་རིག་པ་ནི་གཞུང་ལུགས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས་ཆེད་ལས་ཚོགས་པ་དང་། ཞིབ་འཇུག་ལམ་སྲོལ། གྲུབ་འབྲས་གཞན་སྒྱུར་ལས་སྟེགས་བཅས་བཙུགས་ནས་ཚན་ཞིབ་གྲུབ་འབྲས་དག་ཐོན་རྫས་སུ་བསྒྱུར་བ་དང་སྦྲགས་སྤྱི་ཚོགས་ཐོག་འདོན་ཐུབ་ཚེ། མང་ཚོགས་དེ་བས་མང་བར་ཕན་ཐོགས་པ་མ་ཟད། ད་དུང་ཐོན་ལས་དེ་བས་མང་བའི་དཔལ་འབྱོར་འཁོར་འབྲེལ་ལ་སྐུལ་ཁྲིད་ཀྱང་གཏོང་ཐུབ”ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་སྨན་ཚན་ཁག་གི་དགེ་རྒན་ཆེ་མོ་གཞོན་པ་སྨོན་སྐྱིད་མཚོ་མོས་བཤད།
གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་གསར་གཏོད་མ་ལག་གི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ། མ་དངུལ་འཁོར་འབྲེལ་བཅས“འཁོར་འབྲེལ་བཞི་རྒྱུན་འཁོར”དང་ཐོན་སློབ་ཞིབ་བཅོས་བཞི་ཟུང་འབྲེལ་གྱི་ཚན་ཞིབ་འགག་སྒྲོལ་ལམ་སྲོལ་ཐོག་མར་འཚོལ་ཞིབ་བྱས་ནས་བཙུགས་ཏེ། བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་བསྐྲུན་རྒྱུར་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་བ་མ་ཟད། ད་དུང་ལྗོངས་ནང་ཁུལ་གྱི་ཐོན་སློབ་ཞིབ་བཅོས་ཁྱབ་ཁོངས་ཀྱི་ཚན་པ་6དང་མཉམ་དུ་བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་གཙོ་བོར་བྱས་པའི“1+N”གསར་གཏོད་དྲ་རྒྱའི་མ་ལག་ཀྱང་བསྐྲུན་པ་རེད།
མིག་སྔར། “1+N”གསར་གཏོད་དྲ་རྒྱའི་མ་ལག་གི་ནུས་པ་རགས་ཙམ་ཐོན་ཡོད། བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་ཞིབ་འཇུག་ཁང་དང་། ལྗོངས་སྨན་རྩིས་ཁང་། བདུད་རྩི་བོད་སྨན་བཅས་ཞིབ་ཐོན་བཅོས་ཁྱབ་ཁོངས་ཀྱི་ཚན་པ་གསུམ་གྱིས་མ་ལག་དེ་རྨང་གཞིར་བྱས་ནས་མཉམ་ལས་དང་མཉམ་སྡེབ་གསར་གཏོད་བྱས་པར་དཔེ་སྟོན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
འདི་ལོར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་མ་དངུལ་སྒོར་ཁྲི་300བཏང་ནས་གཟའ་གྲིབ་གསོ་བཅོས་ཀྱི་བོད་སྨན་གསར་སྤེལ་ཞིབ་འཇུག་བྱས་ཤིང་། བོད་ལུགས་སྨན་རྒྱུ་རིགས་4ཡི་མི་ཐབས་འདེབས་འཛུགས་ལག་རྩལ་ཞིབ་འཇུག་བྱས་ནས་སོན་མྱུག་འདེབས་གསོའི་ལག་རྩལ་ཚད་ལྡན་ལེགས་གྲུབ་བྱུང་བ་དང་བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལས་འགན་10ལ་རོགས་སྐྱོར་བྱས་པར་མ་དངུལ་སྒོར་ཁྲི་990བཏང་ཡོད་པ་རེད།
གཞན་ཡང《བོད་སྨན་གྱི་པུའུ་བསྒྲགས་ཚད་གཞི་95》ཡི་བཟོ་བཅོས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་གོང་ཞུ་བྱས་པའི་བོད་སྨན་སྣ་ཁ་66གི་ནང་སྣ་ཁ་11ལ་ཆོག་མཆན་ཐོབ་པ། ས་ཁུལ་གྱི་བོད་སྨན་44ཡི་ཚད་ལྡན་ཞིབ་འཇུག་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བཅས་རེད། རང་སྐྱོང་ལྗོངས་བོད་ཀྱི་གསོ་བ་རིག་པ་དོ་དམ་ཅུས་ཀྱིས་མ་དངུལ་སྒོར་ཁྲི་300བཏང་ནས《ཀྲུང་ལུགས་གསོ་རིག་ཚད་ལྡན་ཅན་གྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2026ལོ་བར)》ལག་བསྟར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང《བོད་ཀྱི་གསོ་བ་རིག་པའི་ནད་གཞིའི་དབྱེ་བ་དང་ཚབ་རྟགས》ཀྱི་རྒྱལ་ཁབ་ཚད་གཞིའི་རྣམ་གྲངས་དང་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཚད་གཞིའི་མ་ལག་རྒྱ་ཡིག་ཏུ་སྒྱུར་བ་དང་དེ་བཞིན་ཁྱབ་བསྒྲགས་སོགས་ཚད་ལྡན་ཅན་གྱི་ཞིབ་འཇུག་ཁག་6སྤེལ་འགོ་ཚུགས་པ་རེད།
གོ་སྐབས་དམ་འཛིན་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས“རྒྱལ་ཁབ་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་དང་། རང་སྐྱོང་ལྗོངས་ཀྱིས་ཤུགས་ཆེའི་སྐུལ་འདེད། བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པ་བཅས་ལས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད”ཅེས་བཤད། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་བོད་ཀྱི་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་དུས་སྐབས་གལ་ཆེན་ཞིག་རེད། བོད་ཀྱིས་བོད་ཀྱི་གསོ་རིག་ཐོན་ལས་དེ་ཡུལ་སྐོར་དང་ལུས་རྩལ་སོགས་དང་མཉམ་འདྲེས་དམ་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་བདེ་ཐང་ཐོན་རྫས་དང་བདེ་ཐང་ཞབས་ཞུ་སོགས་འཕེལ་རྒྱས་བཏང་ཡོད། “ཁེ་ལས་དང་། ཚན་ཞིབ། རྟེན་གཞི། ཞིང་དུད་བཅས”ཟུང་དུ་འབྲེལ་བའི་རྣམ་པ་ཁྱབ་གདལ་བཏང་ནས་བོད་ལུགས་སྨན་རྒྱུ་འདེབས་འཛུགས་དང་གསོ་སྤེལ་ཁེ་ལས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ། མི་ཐབས་ལ་བརྟེན་ནས་སྲོལ་རྒྱུན་གྱི་བོད་ལུགས་སྨན་རྒྱུ་གསོ་སྤེལ་དང་འདེབས་གསོའི་ཐོན་ལས་ཅན་མངོན་འགྱུར་བྱས་ཏེ། བོད་ལུགས་སྨན་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་ཡངས་སུ་བཏང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཡོད་ཅེས་བཤད།
ལོ་རེའི་ཟླ་9པའི་ཟླ་དཀྱིལ་དུ་མྱང་ཆུའི་ངོགས་སུ་གནས་པའི་གཞིས་རྩེའི་རྒྱལ་རྩེ་རྫོང་རོང་ས་དམར་པོ་དེང་རབས་ཚན་རྩལ་ཞིང་ལས་གླིང་དུ་ཁ་ཆེ་ཤ་སྐམ་སྡོང་རྐང་ཁྲི་བརྒྱ་ལྷག་ཙམ་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཞད།
ཉེ་བའི་ལོ་ཤས་རིང་རྒྱལ་རྩེ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཁམས་སྲུང་སྐྱོང་མཚོན་རྟགས་ཐོན་རྫས་དང་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིར་བརྟེན་ནས་ཁ་ཆེ་ཤ་སྐམ་གྱི་བཟའ་བཅའ་དང་། ཉིན་མཁོའི་དངོས་རྫས། སྨན་རྫས་བཅས་ཞིབ་སྤེལ་དང་ལས་སྣོན་ཞིབ་ཚགས་གཙོ་བོར་བྱེད་པའི་ཐོན་ལས་འཁོར་འབྲེལ་ལ་སྣེ་ཁྲིད་བྱས་ཏེ་ས་གནས་དེ་གའི་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྐུལ་ཁྲིད་བྱས་ཡོད།
འདི་ལོ་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་སྨན་གླིང་གྲོང་ཁྱེར་གྱི་རྒྱལ་ཁབ་སྨན་རྒྱུའི་ཐོན་ལས་གླིང་དང་གནས་ཡུལ་ཤང་གི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་འཛུགས་རྒྱུ་རེ་ཞུ་བྱས་ཏེ་ཁ་གསབ་ཀྱི་མ་དངུལ་སྣ་ཚོགས་སྒོར་ཁྲི་3300དོན་འཁྱོལ་བྱས་ཡོད། རྒྱ་ཚ་རྫོང་གི་སྨན་རྒྱུའི་སོན་མྱུག་གསོ་སྤེལ་རྟེན་གཞིར་བོད་སྨན་སྨན་རྒྱུ་མུའུ་150འདེབས་འཛུགས་བྱས་པ་དང་ལྷ་སའི་ལྷོ་རི་བྱང་རིའི་བོད་སྨན་སྨན་རྒྱུའི་ཚོད་འདེབས་རྟེན་གཞིར་བོད་ལུགས་སྨན་རྒྱུ་མུའུ་112.5འདེབས་འཛུགས་བྱས་ཡོད།
ལྗོངས་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་འདེགས་སྐྱོར་སྲིད་ཇུས་སྔར་བས་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་དང་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ཁྲོད་ཁྱབ་བསྒྲགས་བྱས་པའི་རིགས་ཁ་པའི་སྨན་རྫས་རྩིས་ཞུའི་བསྡུར་ཚད་5%མཐོ་རུ་བཏང་བ་དང་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ཁྲོད་ཀྱི་བོད་སྨན་སྣ་ཁ་1769ཟིན་ཡོད་པ་རེད།
སྐལ་བཟང་གཡུ་སྒྲོན་གྱིས“ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་གསོ་རིག་བྱ་གཞག་གིས་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།