དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་མཉམ་འབྲེལ་ཚོགས་འདུ་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-24

    ཉེ་ཆར། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི(བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ)བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་མཉམ་འབྲེལ་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི། བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་ཨུ་ལྷན་བཙུགས་ནས་བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཅན་དང་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་ཆེད་རེད།

    ཚོགས་འདུའི་ཐོག ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། དྲུང་ཆེ། ཨུ་ཡོན་བཅས་བདམས་པར་མ་ཟད། རྒྱལ་ཁབ་ཀྱི་ཚད་གཞིའི་འཆར་གཞིའི་རྣམ་གྲངས《བོད་ལུགས་གསོ་རིག་གི་རིམས་ནད་ཀྱི་རིགས་དབྱེ་དང་ཨང་ཚབ》སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

    གསར་དུ་བསྐོ་གཞག་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་མིག་དམར་གྱིས། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་བཙུགས་པ་དེ་ཐོག་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། སླད་ཕྱིན་བོད་ལུགས་གསོ་རིག་གི་ལས་རིགས་འཕེལ་རྒྱས་ཀྱི་ད་ཡོད་ཀྱི་གནས་ཚུལ་དང་དགོས་མཁོ་དངོས་ལ་གཞིགས་ཏེ། ས་ཁུལ་གཞན་པའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་དང་། སྲོལ་རྒྱུན་གྱི་བློ་གྲོས་དང་དེང་རབས་ཀྱི་ཚན་རིག་ལག་རྩལ་ཟུང་དུ་འབྲེལ་ཏེ། བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འབུལ་འོས་པའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།