སྨན་བཅོས་ལག་རྩལ་བསླབས་ནས་གངས་ལྗོངས་ས་མཐོར་ཕན་བདེ་སྐྲུན།
ཉིན་ཞིག་གི་སྔ་དྲོར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དོས་དྲག་ཚན་ཁག་གི་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་སྨན་པ་ཀྲང་ཅ་དང་ཝང་ཁའེ་ལ་ནད་པ་ཞིག་སྐྱོབ་བཅོས་བྱེད་དགོས་པའི་ཛ་དྲག་གི་ཁ་པར་ཞིག་འབྱོར།
སྨན་ཁང་གི་འབྲེལ་ཡོད་ཚན་ཁག་གི་སྨན་པས་བརྟག་དཔྱད་བྱས་རྗེས་འཕྲལ་མར་གཤགས་བཅོས་བྱེད་འགོ་ཚུགས། ཛ་དྲག་གི་སྐྱོབ་བཅོས་བྱས་པ་དང་ལྟ་ཞིབ་དང་སྨན་བཅོས་གཟའ་འཁོར་གཅིག་བྱས་མཐར་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་རེད།
“བོད་སྐྱོར་སྨན་པ་སྐྱོབ་བཅོས་ནང་ཞུགས་པ་མ་ཟད། ད་དུང་ང་ཚོར་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་ཀྱང་བྱས་ནས་བོད་ལ‘ནམ་ཡང་གནས་ཐུབ་པའི’བོད་སྐྱོར་སྨན་བཅོས་རུ་ཁག་ཅིག་བཏོད་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས་བཤད།
ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཡོངས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ།
ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་སྨན་པ། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ། དབང་རྩའི་ཕྱི་བཅོས་ཚན་ཁག་གི་སྨན་པ་དཀའ་བཅུ་པ་བཅས་ཡིན་པའི་ཀྲང་ཁོ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་དོས་དྲག་ཏུ་གཤགས་བཅོས་ཐེངས་མང་བྱས་ནས་ནད་པ་མང་པོ་བསྐྱབས་མྱོང་ཡོད།
ཀྲང་ཁོ་ཡིས“དེ་སྔ་གཤགས་བཅོས་འདི་རིགས་ངེས་པར་དུ་ལྷ་སའམ་ཡང་ན་ལྗོངས་ཕྱིར་བསྐྱོད་ན་མ་གཏོགས་བྱེད་ཐུབ་ཀྱི་མེད། འོན་ཀྱང་རྨས་སྐྱོན་ཕོག་པའི་ནད་པར་མཚོན་ན། དུས་ཐོག་ཏུ་སྐྱོབ་བཅོས་བྱ་རྒྱུ་ནི་ཚེ་སྲོག་སྐྱོབ་པའི་འགག་རྩ་རེད། འདི་ལོ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་རྒྱལ་ཁབ་རྨ་བཅོས་གསོ་རིག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད”ཅེས་བཤད།
ཨན་ཧུའེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་རུ་ཁག་གི་རུ་སྣེ་འཁྲིད་མཁན་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཞ་ཀྲི་ཆང་གིས། ཐོག་མར་བོད་དུ་སླེབས་སྐབས་ང་དང་རུ་མི་ཚོས་སྨན་ཁང་གི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ། རྨ་བཅོས་སོགས་ཚན་ཁག་ཚབ་མཚོན་དུ་བྱས་པའི་གཙོ་གནད་རིག་ཚན་གཏན་འཁེལ་བྱས་པ་མ་ཟད། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་འཆར་གཞིའང་བཟོས་པ་ཡིན་ཞེས་ངོ་སྤྲོད་བྱས།
སྨན་བཅོས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུན། ས་གནས་ཁག་གིས་ཕུལ་བྱུང་ཤེས་ལྡན་པ་འདེམས་གཏོང་བྱས་ནས་བོད་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་མ་ཟད། རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་ལམ་ལུགས་ཁག་8000ལྷག་ཙམ་བཟོ་རོགས་སམ་ཡང་ན་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པས། ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་ནད་པ་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད།
སྨན་ཁང་གིས་ཚན་ཁག་འགན་གཙང་བླངས་ཏེ་ཆེད་ལས་ཚན་ཁག་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབུགས་ལམ་ཚན་ཁག་གི་ཀྲུའུ་རེན་པ་སངས་ཀྱིས་ཚན་ཁག་བཙུགས་མ་ཐག་གི་གནས་ཚུལ་ད་བར་བློ་ལ་གསལ་པོར་ངེས་ནས་ཡོད།
སྐབས་དེ་དུས་པ་སངས“ཁོག་ནད་ཚན་ཁག་ཆེན་པོ”ནས་དབུཌ་ལམ་ཚན་ཁག་ཏུ་ལས་སྒྱུར་བྱས། “དབུགས་ལམ་ཚན་ཁག་ལོགས་སུ་འཛུགས་རྒྱུ་ནི་ང་ཚོའི་སྨན་ཁང་གི་ངོས་ནས་བརྗོད་ན་འགྲན་སློང་ཆེན་པོ་ཞིག་རེད། མཐར་རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་རོགས་སྐྱོར་འོག་དབུགས་ལམ་ཚན་ཁག་བཙུགས་པ་རེད”ཅེས་པ་སངས་ཀྱིས་བཤད།
ན་ནིང་། ནད་པ་ཞིག་དབུགས་གཏོང་དཀའ་བའི་དབང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་སྨན་ཁང་ནས་འཕྲལ་མར་དབུགས་ལམ་ཚན་ཁག་ཏུ་བསྐྱལ། བོད་སྐྱོར་སྨན་པ་དབྱང་སུའུ་ཆའོ་ཡིས་པ་སངས་དང་མཉམ་དུ་ཛ་དྲག་ངང་མྱུར་སྐྱོབ་བྱས་པ་དང་། ཚན་ཁག་མང་པོའི་ཐུན་མོང་འབད་བརྩོན་འོག་ནད་པ་མཐར་སྲོག་ཉེན་ལས་ཐར་བ་རེད།
བོད་སྐྱོར་ལས་བྱེད་པའི་སྣེ་ཁྲིད་འོག་བོད་ཀྱི་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་ཞིང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ལོ་ལྟར་སྨན་ཁང་གི་ཚན་ཁག་120ལྷག་ཙམ་ལ་རོགས་སྐྱོར་བྱས་ཏེ་རིམ་རྩིས་བྱས་ན། རྣམ་གྲངས་གསར་པ་དང་བཀོད་སྤྱོད་ལག་རྩལ་གསར་པ་4400ལྷག་ཙམ་གསར་སྤེལ་དང་ས་གནས་དེ་གའི་སྨན་དོན་པ་4800ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།
གཞི་རིམ་དུ་གཞི་ཚུགས་ནས་ནད་གཞིའི་དཀའ་གནད་ཧུར་ཐག་བསལ་བ།
2023ལོའི་ཟླ་7པར། ཧྲང་ཧའེ་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཁོངས་མི་ཀྲའོ་དབྱི་ཧྥན་གཞིས་རྩེར་སླེབས། ཁོང་གིས་བོད་དུ་ལྷན་སྐྱེས་སྙིང་ནད་ཕོག་མཁན་མང་བ་དང་། སྨན་བཅོས་ལག་རྩལ་ཞན་ཙམ་ཡོད་པ་ཤེས་རྟོགས་བྱུང་།
དེར་བརྟེན། ཀྲའོ་དབྱི་ཧྥན་གྱིས་ས་གནས་དེ་གའི་སྨན་པ་ཁྲིད་དེ་གཞིས་རྩེར་ལྷན་སྐྱེས་སྙིང་ནད་སྨན་བཅོས་དང་གཤགས་བཅོས་ལས་ལ་གཞོལ་འགོ་ཚུགས་པ་རེད།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྙིང་དང་ཁྲག་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་བདེ་སྐྱིད་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན། ཀྲའོ་དབྱི་ཧྥན་ནི་ཁོང་དང་དཔུང་པ་མཉམ་གཤིབ་ཀྱིས་སྨན་བཅོས་ལ་གཞོལ་མཁན་བོད་སྐྱོར་སྨན་པ་དགུ་པ་དེ་རེད། བོད་སྐྱོར་སྨན་པ་ཚོའི་མཛུབ་ཁྲིད་འོག་བདེ་སྐྱིད་སྒྲོལ་དཀར་གྱི་སྨན་བཅོས་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་ཡོད།
“ལོ་7རིང་ཉམས་མྱོང་བསགས་པ་བརྒྱུད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་སྙིང་དང་ཁྲག་རྩའི་ནད་གཤགས་བཅོས་ས་གནས་དེ་གར་བདེ་བླག་ངང་བྱེད་ཐུབ་ཀྱི་ཡོད”ཅེས་བདེ་སྐྱིད་སྒྲོལ་དཀར་གྱིས་བཤད།
སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད་རྒྱུན་མཐོང་གི་ནད་གཞི་མང་པོ་ཞིག་ཚོད་འཛིན་ནུས་ལྡན་ཐུབ་ཡོད། ད་ཆ་བོད་དུ“ནད་ཆེན”རིགས་400ལྷག་ཙམ་བོད་རང་སྐྱོང་ལྗོངས་སུ་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2400ལྷག་ཙམ་གྲོང་ཁྱེར་དང་ས་ཁུལ་དུ་བཅོས་ཐུབ་པ། རྒྱུན་མཐོང་གི“ནད་ཆུང”རྫོང་རིམ་པའི་སྨན་ཁང་དུ་དུས་ཐོག་ཏུ་བཅོས་ཐུབ་པ་བཅས་བྱུང་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།