གཞུང་འཁྱོངས་གསར་འབྱེད། སྙིང་བཅུད་རྒྱུན་འཛིན།
རང་ལྗོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར།
འདི་ནི་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཉི་མ་དམར་པོ་ཁྱིམ་ཚང་དཔེ་སྟོན་ཞིང་རའི་བཟོ་པས་ཉིང་ཁྲིའི་ཀོ་ཤའི་རིམ་གསུམ་ཁུག་མའི་འབུ་ཕྲ་འདེབས་བཞིན་པ།
འདི་ནི་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པས་སྨན་རྫས་ལ་ཐུམ་སྒྲིལ་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་བ། བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་མ་ལག་དང་དོ་དམ་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། བོད་ཀྱི་གསོ་བ་རིག་པའི་ནད་འགོག་ནད་བཅོས་ཀྱི་ནུས་པ་ཆེ་རུ་བཏང་བ། བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། བདེ་ཐང་ཐོན་ལས་ལ་སྐུལ་འདེད་གཏོང་བ། བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་བྱེད་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་དེ་སློབ་གསོ་དང་། ཚན་ཞིབ། ཐོན་ལས་སོགས་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
བོད་ཀྱི་གསོ་བ་རིག་པའི་བྱ་གཞག་དཀའ་སྤྱད་ལས་སྒྲུབ་ཁྲོད་མདུན་དུ་སྐྱོད་བཞིན་པ།
ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་སྐྱོད་སྐབས། དེང་རབས་ཅན་གྱི་བཟོ་ཁང་རེ་རེ་མིག་ལམ་དུ་འཆར་བཞིན་ཡོད་མོད། འོན་ཀྱང་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་ནས་བོད་སྨན་གྱི་ཐོན་སྐྱེད་བརྒྱུད་རིམ་མིག་མཐོང་ལག་ཟིན་བྱེད་དགོས་ན། དེ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན། དེ་གར་སྨན་བཟོ་མཁན་གྱིས་སྔོན་ལ་དུག་སེལ་བྱས་པའི་གྱོན་ཆས་ཆ་ཚང་ཞིག་གྱོན་དགོས་པ་མ་ཟད། ལྷམ་ཤུབས་དང་། ཁ་རས། ཞྭ་མོ་བཅས་གཙང་མ་གྱོན་དགོས། དེ་རྗེས་དུག་སེལ་གྱི་འགག་སྒོ་མང་པོ་བརྒྱུད་ཚེ། གཞི་ནས་བོད་སྨན་ཐོན་སྐྱེད་བྱ་ཡུལ་དུ་ལས་ཀ་བྱེད་ཆོག སྨན་རིལ་གཅིག་ནི་སྨན་ཕྱེ་འཐག་པ་དང་། རིལ་བུ་རྒྱག་པ། སྐམ་གསེད་གཏོང་བ། འདེམས་སྒྲུག་རྒྱག་པ་སོགས་ཀྱི་ལས་རིམ་མང་པོ་བརྒྱུད་མཐར། གཞི་ནས་ཐུམ་སྒྲིལ་རྒྱག་གི་ཡོད།
ཀུན་གྱིས་ཤེས་གསལ་ལྟར། བྱ་གཞག་གང་ཞིག་ཡིན་རུང་སྒྲུབ་ཐེངས་གཅིག་ལ་ལེགས་གྲུབ་ཡོང་མི་སྲིད་པས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱང་དེ་ལྟར་ཡིན། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་འཇུག་དང་ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ལ་ལོ་ངོ་3800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བོད་རྙིང་པར་བོད་ཀྱི་གསོ་བ་རིག་པའི་སྒྲིག་གཞི་3ལ་ལས་མི་བརྒྱ་ཡང་ཟིན་གྱི་མེད་པའི་ཁར་ནད་ཁྲི་གཅིག་ཀྱང་མེད་པས། ཞིབ་འཇུག་སྒྲིག་གཞི་དང་ཆེད་མངགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཚད་ལྡན་གྱི་སློབ་གྲྭ་ནི་དེ་བས་ཀྱང་གླེང་ཐབས་བྲལ། སྟབས་བདེའི་ལག་ཤེས་བཟོ་ཁང་ཁོ་ན་ནས་བོད་སྨན་ཐོན་སྐྱེད་བྱེད་ཀྱི་ཡོད།
“བོད་ཀྱི་གསོ་བ་རིག་པའི་སྒྲིག་གཞི་3ལ་ཐ་ན་ནད་ཁྲི་གཅིག་ཀྱང་མེད་པའི”དཀའ་གནད་ཡོད་པ་ནས་ད་ཆ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་འདྲ་བའི་ས་མཐོའི་སྨན་རྫས་ཁེ་ལས་གངས་ལྗོངས་ས་མཐོར་གཞི་ཚུགས་པའི་བར། གནའ་བོའི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་བྱ་གཞག་དེ་དཀའ་སྤྱད་ལས་སྒྲུབ་ནས་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གི་སྲིད་ཇུས་དང་མ་དངུལ་སོགས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ལ་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་ལས། ཕྱི་ཕྱོགས་སྤེལ་རེས་སོགས་ཕྱོགས་ཁག་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལས་སྣ་མང་ཅན་གྱི་འཕེལ་རྒྱས་རྣམ་པ་མངོན་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གི“བོད་སྨན་རོང”གླིང་ཁུལ་དུ་སྐྱོད་སྐབས། སྲོ་ལོ་དམར་པོ་དང་། ཀོ་ཤ། ལྕུམ་རྩྭ། གུར་གུམ་སོགས་ཀྱི་སྨན་རྩྭ་སྐྱེ་འཚར་ལེགས་ལ། སྨན་རྒྱུའི་དམིགས་བསལ་དྲི་ཞིམ་གང་སར་འཐུལ་བཞིན་མཆིས། གྲོང་མི་ཚོས་དྲོད་ཁང་ནང་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་འདུག ཤེས་རྟོགས་བྱུང་བར་གཞིགས་ན། “བོད་སྨན་རོང”གླིང་ཁུལ་གྱིས་སྔ་རྗེས་སུ་མཉམ་ལས་ཁང་3བོད་སྨན་སྨན་རྒྱུ་འདེབས་འཛུགས་ཐོན་ལས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་བསྟུན་ནས། རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་དེ་འདེབས་འཛུགས་ལས་རིགས་མཚོན་བྱེད་དུ་བྱེད་པའི་ཐོན་ལས་དང་པོ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐོན་ལས་མཚོན་བྱེད་དུ་བྱེད་པའི་དེང་རབས་ཞབས་ཞུའི་ལས་རིགས་སུ་ཁྱོན་ཡོངས་ནས་ཁྱབ་པས། ཐོན་ལས་འཁོར་འབྲེལ་ནུས་ལྡན་ངང་སྣུར་སྲིང་བྱུང་བ་དང་ཐོན་རྫས་མཁོ་སྤྲོད་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་། སྲིད་གཞུང་། རིམ་ཁག་སྲིད་གཞུང་སྡེ་ཚན་བཅས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བར་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཧུར་ཐག་ཞུགས་པ་དང་ཐོན་སྐྱེད་གཙོ་རྒྱུ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་པས། རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལས་འཁོར་འབྲེལ་ཧྲིལ་པོ་དང་སྣ་མང་ཅན་གྱི་འཕེལ་རྒྱས་མྱུར་བའི་རྣམ་པ་མངོན་ཡོད།
བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བ།
རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་མི་འབོར་ན་རྒས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་འགྲོ་བ་དང་བསྟུན་ནས། གསོ་བ་རིག་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་ནི་ཁ་ཚ་དགོས་གཏུགས་ཤིག་རེད།
བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བོད་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་གངས་ལྗོངས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད། འོན་ཀྱང་མི་རིགས་གསོ་རིག་ཐོན་ལས་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་གསོ་བ་རིག་པ་ཚད་ལྡན་ཅན་དང་རྒྱལ་སྤྱི་ཅན་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་མུ་མཐུད་སྣུར་སྲིང་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་དགོས་པ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་ལུགས་གསོ་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་ཀྱི་གསོ་བ་རིག་པ་དང་། ཀྲུང་ལུགས་གསོ་རིག ཕྱི་ལུགས་གསོ་རིག་བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་བོད་ཀྱི་གསོ་བ་རིག་པའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྒྱུར་བཅོས་དང་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་རང་ལྗོངས་ཀྱི་གསོ་རིག་འཕྲོད་བསྟེན་བྱ་གཞག་གི་ཁྱད་ཆོས་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་དང་མདུན་ལམ་བཟང་པོ་ཡང་ལྡན་ཡོད།