“བོད་ཀྱི་གསོ་བ་རིག་པས་མིའི་རིགས་ཡོངས་ལ་ཞབས་འདེགས་ཞུ་གི་ཡིན”
མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པ”ཡི་བོད་ལྗོངས་བརྟག་ཞིབ་བཅར་འདྲི་ཚོགས་པ།
འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་སྤྱི་མིག་དམར(གཡོན་གྱི་གསུམ་པ)གྱིས་སློབ་ཚན་འཁྲིད་བཞིན་པ། མི་དམངས་དྲ་བའི་གསར་འགོད་པ། ཚེ་རིང་ནོར་བུས་པར་བླངས།
འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་མ་ཡིན་པ། མི་དམངས་དྲ་བའི་གསར་འགོད་པ། ཚེ་རིང་ནོར་བུས་པར་བླངས།
འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཟུར་ཞིག་ཡིན་པ། མི་དམངས་དྲ་བའི་གསར་འགོད་པ། ཚེ་རིང་ནོར་བུས་པར་བླངས།
འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་མ་ཚོ་སློབ་ཚན་ཉན་བཞིན་པ། མི་དམངས་དྲ་བའི་གསར་འགོད་པ། ཚེ་རིང་ནོར་བུས་པར་བླངས།
དབྱར་དུས་ཀྱི་བོད་ལྗོངས་ནི་ནམ་མཁའ་སྔོ་ཞིང་གཡའ་དག་པ་ཞིག་ཡོད།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོར་སྐྱོད་སྐབས་ཐང་ཆེན་གྱི་དཀྱིལ་དུ་བོད་ལུགས་གསོ་རིག་གི་སྲོལ་གཏོད་སློབ་དཔོན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་སྐུ་བརྙན་ཞིག་བཞེངས་ཡོད་ཅིང་། སྐུ་བརྙན་གྱི་མདུན་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས“གཤིས་བཟང་། སློབ་བརྩོན། ཉམས་ལེན། འགྲོ་ཕན”ཞེས་པའི་སློབ་གྲྭའི་གདམ་ཚིག་བརྐོས་ཡོད།
རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཁེར་རྐྱང་གི་མཐོ་རིམ་སློབ་གྲྭ་འབའ་ཞིག་དེ་ཡིན་པའི་ངོས་ནས། བོད་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་དང་བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་བྱེད་པ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ལས་འགན་ཞིག་རེད།
དེའི་སྐོར་གླེང་སྐབས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་སྤྱི་མིག་དམར་གྱིས“ལོ་35ཡི་རིང་། ང་ཚོས་མཐོ་རིམ་སློབ་གསོ་དང་། དགེ་སློབ་རྒྱུན་འཛིན། ལས་རིགས་གསོ་སྦྱོང་སོགས་ཀྱི་སློབ་གསོའི་བྱ་ཐབས་བརྒྱུད། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་གི་དངོས་གཞིའི་ཚན་ཁག་དང་། རབ་འབྱམས་པ། འབུམ་རམས་པ་སོགས་རིམ་པ་ཁག་གི་ཆེད་ལས་ཤེས་ལྡན་པ་8000ལྷག་ཙམ་གསོ་སྐྱོང་བྱས་ནས། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད”ཅེས་གསར་འགོད་པར་བརྗོད།
“ང་ཚོས་བོད་ལུགས་གསོ་རིག་གི་རིག་གནས་ཁྱད་ཆོས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་བོད་ལུགས་གསོ་རིག་གི་དེང་རབས་ཚན་ཞིབ་མ་ལག་དང་མཐོ་རིམ་སློབ་གསོའི་མ་ལག་ཧུར་ཐག་བསྐྲུན་ནས། ཤེས་རྒྱ་ཆེ་ལ་འཇོན་ཐང་ཆེ་བའི་བོད་ལུགས་གསོ་རིག་གི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད”ཅེས་གླེང་མོལ་བྱེད་རིང་མིག་དམར་གྱིས་བརྗོད་པ་དང་། ཁོང་གིས“ང་ཚོས་བོད་ལུགས་གསོ་རིག་གི་སྣེ་ཁྲིད་ཤེས་ལྡན་པ་ལེགས་གྲས་གསོ་སྐྱོང་བྱས་ཡོད་ལ། མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གཞི་རིམ་གྱི་ཤེས་ལྡན་པ་ཡང་གསོ་སྐྱོང་བྱས་ཡོད། བོད་ཀྱི་སྨན་རྩིས་ཁང་ཁག་གམ་ཡང་ན་བོད་སྨན་ཚན་ཁག་གི་རྐང་འཛིན་སྟོབས་ཤུགས་མང་ཆེ་བ་ནི་ང་ཚོའི་སློབ་གྲྭ་ནས་ཐོན་པ་ཤ་སྟག་རེད”ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད།
ལོ་ངོ་3800ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་རིམ་ནང་། བོད་ལུགས་གསོ་རིག་ལ་ཐུན་མོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་ཡོད་ཅིང་། འདི་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ཞིག་རེད།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས“སྲོལ་རྒྱུན་རྒྱུན་འཛིན། གསར་འབྱེད་གསར་གཏོད”ཀྱི་སློབ་གཉེར་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། ཉེ་བའི་ལོ་ཤས་རིང《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཀྱིས་གཙོས་པའི་རྒྱལ་ཁབ་རིམ་པའི་རིག་གནས་རྒྱུན་འཛིན་རྣམ་གྲངས་མང་པོ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པ་དང་ཆབས་ཅིག བོད་སྐྱོར་མཐོ་སློབ་དང་མཉམ་ལས་ཧུར་ཐག་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི་མཉམ་འབྲེལ་ཐོག་ཡིག་ཐོག་སྙན་ཞུ་ཕུལ་ནས་བོད་ལུགས་གསོ་རིག་གི་རྨང་གཞི་དང་། ནད་ཐོག་སྨན་བཅོས། སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་གསར་གཏོད་ཞིབ་འཇུག་ལས་དོན་མཉམ་དུ་སྤེལ་བས། རྣམ་གྲངས་ཀྱི་གྲངས་འབོར་དང་གྲུབ་འབྲས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
བོད་ཀྱི་མཐོ་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཇི་ལྟར་སྐྱོད་དགོས་པ་ནི་མིག་དམར་གྱིས་སྔ་ཕྱི་བར་གསུམ་དུ་བསམ་གཞིག་བྱེད་བཞིན་པའི་གནད་དོན་ཞིག་རེད།
“ཆེད་ལས་རིག་ཚན་གྱི་གྲུབ་ཆ་དང་སློབ་ཚན་གྱི་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། བོད་ལུགས་གསོ་རིག་ཤེས་པའི་ཁར་དེང་རབས་ཚན་རྩལ་ཡང་ཁོང་དུ་ཆུད་པའི་ཤེས་རྩལ་འཛོམས་པའི་མི་སྣ་གསོ་སྐྱོང་བྱས་ཏེ། སློབ་མའི་ལག་ལེན་དང་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་གི་ཡིན”
“སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཁེ་ལས་སོགས་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། སློབ་མའི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་དང་ཚན་ཞིབ་ནུས་པ་གསོ་སྦྱོང་བྱས་ཏེ། བོད་ལུགས་གསོ་རིག་གི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་དང་སྤྱོད་ཤུགས་ཆེ་རུ་གཏོང་གི་ཡིན”
“རྒྱལ་སྤྱིའི་མཐོང་རྒྱ་དང་ཆུ་ཚད་མཐོ་བའི་རིག་གཞུང་བསམ་བློ་དང་འཇོན་ཐང་ལྡན་པའི་དགེ་རྒན་གྱི་དཔུང་ཁག་ཁག་གཅིག་ནང་འདྲེན་དང་གསོ་སྐྱོང་བྱས་ཏེ། ཤེས་ལྡན་པའི་སློབ་གྲྭ་སྟོབས་ཆེན་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་པ་སོགས་ཐག་གཅོད་བྱ་ཐབས་སྐོར་གླེང་སྐབས་མིག་དམར་གྱིས་གསར་འགོད་པར་ལྷུག་པོར་བརྗོད།
མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཞིག་ཡིན་ཞིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ལེགས་གྲུབ་ཆེ་ཤོས་བྱུང་བའི་ལག་ལེན་ནི། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ་དེ་ཡིན་ཞེས་མིག་དམར་གྱིས་མྱོང་ཚོར་ཟབ་མོས་བརྗོད།
“ང་ཚོས་ཤེས་ལྡན་པ་གསོ་སྐྱོང་གི་སྒྲིག་སྲོལ་སྔར་བས་གསར་གཏོད་དང་། རིག་ཚན་དང་། ཤེས་ལྡན་པ། ཚན་ཞིབ་བཅས་མཉམ་འགུལ་མཉམ་འདྲེས་ཀྱི་ལམ་སྲོལ་ལེགས་སུ་ཧུར་ཐག་གཏོང་བ། ‘རྐང་འཛིན་རྨང་གཞིའི་རིག་ཚན་རྩེ་གྲ་འཛུགས་སྐྱོང’དང‘ལེགས་ཆ་དང་ཁྱད་ཆོས་ལྡན་པའི་རིག་ཚན་འཕེལ་རྒྱས’ཀྱི་འཆར་གཞི་ལག་ལེན་བསྟར་བ། སྒོ་དབྱེའི་སློབ་གསོའི་མ་ལག་བསྐྲུན་པར་འཚོལ་ཞིབ་བྱེད་པ། རིག་ཚན་སྒྲོལ་བའི་ཚན་ཞིབ་མནའ་འབྲེལ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱི་ཅན་གྱི་སློབ་གསོའི་ཁོར་ཡུག་གཏོད་པ་བཅས་བྱས་ནས་རིམ་པ་དེ་བས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་ཀྱི་ཡིན” བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ་རྩེ་གྲ་གཏོད་པའི་ཕུགས་འདུན་དང་དམིགས་ཚད་ཀྱི་ཕྱོགས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོས་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་མིག་དམར་གྱིས་འབྱུང་འགྱུར་ལ་དམིགས་ནས་བརྗོད།
ཕྱིས་འབྱུང་བོད་ལུགས་གསོ་རིག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།
“བོད་ལུགས་གསོ་རིག་ནི་ཀྲུང་གོའི་སྲོལ་རྒྱུན་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རྨང་གཞི་ཕུན་སུམ་ཚོགས་པོ་ཡོད། དུས་རབས་འཕེལ་རྒྱས་དང་ཚན་རྩལ་ཡར་རྒྱས་འགྲོ་བ་དང་བསྟུན་ནས། སྲོལ་རྒྱུན་གསོ་རིག་དང་དེང་རབས་ཚན་རྩལ་ཟུང་འབྲེལ་བྱས་ཏེ་བོད་ལུགས་གསོ་རིག་གི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་གསོ་རིག་ཁྱབ་ཁོངས་སུ་གནས་བབ་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་འགན་ཞིག་རེད”ཅེས་མིག་དམར་གྱིས་བརྗོད་པ་དང་། ཁོང་གིས“ཕྱོགས་གཅིག་ནས་བོད་ལུགས་གསོ་རིག་གི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཅན་གྱི་བོད་ལུགས་གསོ་རིག་གི་ཚན་ཞིབ་མ་ལག་བསྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་ད་དུང་བོད་ལུགས་གསོ་རིག་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་གཞན་སྒྱུར་གྱི་ནུས་པ་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་དང་སྤུས་རྟགས་གཏོད་ཤུགས་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།
བོད་ལུགས་གསོ་རིག་གི་ལས་ལ་ཞུགས་ནས་ལོ་30ལྷག་ཙམ་སོང་ཡང་ད་དུང་མིག་དམར་གྱིས་བོད་ལུགས་གསོ་རིག་བྱ་གཞག་ལ་དགའ་ཞེན་ཚད་མེད་བྱེད་ཅིང་། ཁོང་གིས“བོད་ལུགས་གསོ་རིག་གི་ལས་ཀ་བྱེད་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཡིན། ངས་རང་ཉིད་ཀྱི་སེམས་ནུས་ཡོད་རྒུ་བོད་ལུགས་གསོ་རིག་ཁྱབ་གདལ་ཞིབ་འཇུག་དང་ཤེས་ལྡན་པ་གསོ་སྐྱོང་ཐད་བཏོན་ནས། མི་དེ་བས་མང་བའི་ནད་ཀྱི་གདུང་བ་སེལ་ནས་བདེ་ཐང་དང་རེ་བ་སྦྱིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།