《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》ལྷ་སར་པར་ཕུད་འགྲེམས་སྤེལ་བྱས་པ།
ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། ཤིན་ཧྭ་ཝུན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་གཙོ་གཉེར་བྱས་པའི“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྐྲུན་འཆར་འགོད་རྣམ་གྲངས《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོའི》(ཚ་ཚང་ལ་དེབ་206ཡོད་པ)པར་ཕུད་འགྲེམས་སྤེལ་དང་དཔེ་དེབ་སྤྲོད་པའི་མཛད་སྒོ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》རྩོམ་སྒྲིག་བྱེད་པ་ནི་བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་རིག་གནས་འདུ་འགོད་གལ་ཆེན་ཞིག་རེད། དེབ་དེའི་གཙོ་སྒྲིག་པ་ཧི་མ་ལ་ཡའི་རིག་མཛོད་གསར་གཏོད་བྱེད་མཁན་ཚེ་རིང་རྡོ་རྗེས། བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་དེ་ལོ་10ལྷག་ཙམ་འཚོལ་བསྡུ་དང་དུས་ཡུན་ལོ་4ལྷག་ཙམ་རིང་གཅིག་སྡུད་རྩོམ་སྒྲིག་བྱས་པ་ཞིག་རེད། ཚད་ལྡན་ཡིག་ཆ་འཚོལ་བསྡུ་བྱེད་པའི་དུས་མཚམས་སུ་རྩོམ་སྒྲིག་ཚོགས་པས་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་ཉར་ཚགས་བྱེད་མཁན་གཞུང་བཙུགས་སྒྲིག་གཞི་དང་། དམངས་ཁྲོད་སྒྲིག་གཞི། གསོ་རིག་ཁྱིམ་རྒྱུད་བཅས་160ལྷག་ཙམ་དང་འབྲེལ་གཏུག་བྱས་པ་དང་། རྒྱལ་ནང་གི་པེ་ཅིང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ནང་སོག་སོགས་དང་དེ་བཞིན་འབྲུག་ཡུལ་དང་མོང་གོལ་རྒྱལ་ཁབ་སོགས་ཀྱི་རྒྱལ་ཁབ་ཏུ་བསྐྱོད་ནས་དཔྱད་གཞི་བསྡུ་རུབ་བྱས་ཡོད་པ་རེད། ང་ཚོས་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་དང་དཔྱད་ཡིག་བམ་པོ་ཁྲི་རྨང་གཞིར་བྱས་ནས་འཛམ་གླིང་ཐོག་མཐོང་དཀོན་པའི་དཔེ་གཅིག་མ་དང་སྤུས་ལེགས་དཔེ་རྒྱུན་བསྡུ་རུབ་བྱས་ཏེ་མཐར་ཡིག་འབྲུ་དུང་ཕྱུར་1.2ཟིན་པའི་དེབ་206གྲུབ་ཡོད་ཅེས་བཤད།