དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་ལམ་བུར་ཕུགས་འདུན་དོན་གཉེར་བྱེད་མཁན་དབང་ཆེན་དོན་གྲུབ་ཀྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-26

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀེ་ཏ་ཀ་བོད་ལུགས་སྒོ་བསྟེན་སྨན་ཁང་དུ་སྐྱོད་སྐབས་གྱང་ངོས་སུ་བོད་ལུགས་གསོ་རིག་གི་སྨན་ཐང་མང་པོ་བཀལ་འདུག བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དབང་ཆེན་དོན་གྲུབ་ཀྱིས་སེམས་རྣལ་དུ་ཕབ་ནས་སི་ཁྲོན་ནས་ཡིན་པའི་སྐུ་ཞབས་ཀྲའོ་ལགས་ལ་སྨན་བཅོས་བྱེད་བཞིན་འདུག

    “ལོ་ཤས་གོང་ང་རང་གློ་བུར་དུ་གྲོད་ཁོག་སྦོས་པས་སྨན་པ་མང་པོ་བསྟེན་པ་ཡིན་ལ་བརྟག་དཔྱད་ཀྱང་མང་པོ་བྱས་པ་ཡིན། ས་ཆ་མང་པོར་སྨན་བཅོས་བྱས་ཀྱང་སེང་དྲག་གཏན་ནས་བྱུང་མ་སོང་། བོད་ལུགས་གསོ་རིག་ལ་དམིགས་བསལ་གྱི་སྨན་བཅོས་བྱེད་ཐབས་ཡོད་པ་ཤེས་འཕྲལ་ལྟ་ཚོད་དང་བཅས་དེ་གར་སྨན་བཅོས་བྱེད་པར་ཡོང་བ་ཡིན། ཟླ་ཕྱེད་ལྷག་ཙམ་སྨན་བཅོས་བྱས་རྗེས་ན་ཟུག་ཆུང་དུ་ཕྱིན་སོང་། སྨན་བཅོས་ཀྱི་དུས་ཡུན་གཞིར་བཟུང་དེ་རིང་མུ་མཐུད་སྨན་བཅོས་བྱེད་པར་ཡོང་བ་ཡིན། ཞོར་དུ་ངའི་རྐེད་ཚིགས་ལ་བརྟག་དཔྱད་བྱེད་རྩིས་ཡོད”ཅེས་སྐུ་ཞབས་ཀྲའོ་ལགས་ཀྱིས་བཤད།

    བོད་ལུགས་གསོ་རིག་གི་མ་ལག་ལོ་ངོ་སྟོང་རྒྱུན་འཛིན་བྱས་ཤིང་། དེ་ནི་ཀྲུང་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བཅོས་ཐབས་མང་དག་ཅིག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། དབང་ཆེན་དོན་གྲུབ་ཀྱིས་བོད་ལུགས་གསོ་རིག་ལ་འཇུ་བྱེད་མ་ལག་གི་ནད་དང་དབང་རྩའི་རང་བཞིན་གྱི་མགོ་ན་བ་སོགས་ལ་དམིགས་བསལ་གྱི་བཅོས་ཐབས་ཡོད། ནད་རིགས་མི་འདྲ་བར་དམིགས་ཏེ་ཁྲག་གཏར་བ་དང་། མེ་བཙའ་རྒྱག་པ། བྱུག་པ་རྒྱག་པ། སྨན་ལུམས་རྒྱག་པ། གཏར་ཁ་རྒྱག་པ་སོགས་ཀྱི་སྨན་བཅོས་བྱ་ཐབས་མི་འདྲ་བ་སྤྱོད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    བོད་ལུགས་གསོ་རིག་གི་རིག་གཞུང་སྐོར་གླེང་སྐབས་དབང་ཆེན་དོན་གྲུབ་ལ་ཆུ་རྒྱུག་རྒྱུག་ཤོད་རྒྱུ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་འགྲིམ་བཞིན་པའི་ཞིབ་འཇུག་སློབ་མ་དབང་ཆེན་དོན་གྲུབ་ཀྱིས་བོད་ལུགས་གསོ་རིག་ལ་དོན་གཉེར་བྱེད་སེམས་ཆེན་པོ་ཡོད་པས་ཁོང་གིས་ལས་གཏོད་ལམ་དུ་བསྐྱོད་པའི་གདམ་ག་བྱས།

    2011ལོར་ཆུང་དུས་ནས་སྨན་པ་བྱེད་སེམས་ཆེན་པོ་ཡོད་པའི་དབང་ཆེན་དོན་གྲུབ་ཀྱིས་ཡུན་ནན་བདེ་ཆེན་ནས་བོད་ལྗོངས་གསོ་རིག་སློབ་གླིང་དུ་རྒྱུགས་འཕྲོད་དེ་བགྲང་བྱ་ལྔ་ཡི་སློབ་ཆེན་འགྲིམ་འགོ་བརྩམས།

    དངོས་གཞིའི་ཚན་ཁག་ནས་ཐོན་རྗེས་ཁོང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ལས་ཀ་རག སྨན་ཁང་དུ་ལས་ཀ་ལོ་4ལྷག་ཙམ་བྱེད་རིང་དབང་ཆེན་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཡོན་ཚད་དང་རྩལ་ནུས་དེ་ཙམ་བྱང་ཆུབ་པོ་མེད་པ་ཤེས། མནོ་བསམ་ཡང་ཡང་བཏང་རྗེས་ཁོང་གིས་ལས་དགོངས་ཞུས་ནས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་གདམ་ག་བྱས།

    དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དབང་ཆེན་དོན་གྲུབ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་མ་ཟད། སློབ་སྦྱོང་བྱེད་ཞོར་དུ་ལས་གཏོད་ཀྱི་སྟ་གོན་བྱས།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཀྱི་གསོ་རིག་དེང་རབས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་དབང་ཆེན་དོན་གྲུབ་ཀྱིས་བོད་ལུགས་གསོ་རིག་བྱ་གཞག་གི་འཕེལ་ཕྱོགས་བཟང་པོ་མཐོང་བས། ཁོང་གིས་ལས་གཏོད་ཀྱི་བསམ་བློ་འདོར་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་སློབ་གྲོགས་དང་མཉམ་དུ་བོད་ལུགས་སྨན་ཁང་ཞིག་འཛུགས་རྒྱུའི་གྲོས་བྱས།

    མཐར་ཁོང་གིས་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་རང་ཉིད་ཀྱི་བཅོལ་དངུལ་ཡོད་ཚད་བཏོན་ཏེ་སློབ་གྲོགས་ཡེ་ཤེས་ཚེ་སྒྲོལ་དང་མཉམ་དུ་ཀེ་ཏ་ཀ་བོད་ལུགས་སྒོ་བསྟེན་སྨན་ཁང་བཙུགས།

    མི་གཅིག་གིས་ལས་གཏོད་བྱེད་དཀའ་ཡང་། འདུན་པ་གཅིག་མཚུངས་ཀྱི་མི་མང་པོ་དང་ལས་གཏོད་བྱེད་རྒྱུ་བྱུང་བས་འཛད་མཐའ་མེད་པའི་སེམས་ཤུགས་སྐྱེས། དབང་ཆེན་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཕུགས་འདུན་ཉེ་འགྲམ་གྱི་མིར་མཉམ་སྤྱོད་བྱས་པ་མ་ཟད། སློབ་གྲྭའི་ལས་བསྡུའི་འདུ་ཚོགས་བརྒྱུད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ལོ་འདི་རང་ལ་ཐོན་པའི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་ཆེ་མོ་བ་5ཁོང་ཚོའི་སྒོ་བསྟེན་སྨན་ཁང་དུ་ལས་ཀར་བཅུག

    “ང་ཚོའི་སྒོ་བསྟེན་སྨན་ཁང་བཙུགས་མ་ཐག་ཡིན་པའི་ཁར་གཞི་ཁྱོན་ཆེན་པོ་མེད་ཀྱང་རང་ཉིད་ཀྱིས་འབད་བརྩོན་བྱས་ན་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དར་སྤེལ་གཏོང་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། ང་ཚོས་གཞོན་ནུ་དེ་བས་མང་བ་ང་ཚོའི་དཔུང་ཁག་ལ་ཞུགས་ནས་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་དབང་ཆེན་དོན་གྲུབ་ཀྱིས་གདེང་སྤོབས་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།