ཀྲུང་ཧྭའི་གསོ་རིག་བང་མཛོད་ཆེན་པོ་རུ། བོད་ལུགས་གསོ་རིག་མུ་ཏིག་རབ་ཏུ་འཚེར།
བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཆེ་མོ《དཔལ་ལྡན་རྒྱུད་བཞི》《འཛམ་གླིང་དྲན་ཤེས་མིང་གཞུང》དུ་ཚུད་པའི་སྐོར་བཀོད་པ།
གྲ་ཐང་དཔར་མའི་ནང་ངོས་ཀྱི་ཚོན་པར།
པར་གཞི་མི་འདྲ་བའི་རྒྱུད་བཞིའི་དཔར་མ་ཁག་བཞི།
རྒྱུད་བཞིའི་དཔར་མ་གསེར་བྲིས་མ།
ཆེད་དོན་མི་སྣས་རྒྱུད་བཞིའི་སྙན་ཞུར་གྲོས་བསྡུར་ཡང་ཡང་བྱས་ནས་བཟོ་བཅོས་རྒྱག་བཞིན་པ།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཚེ་རིང(མདུན་གྲལ་གཡོན་གྱི་གཉིས་པ)གིས་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་སྲུང་སྐྱོང་དང་། སྔོག་འདོན། བཀོལ་སྤྱོད་བཅས་ཀྱི་ལས་དོན་སྒྲུབ་ཚུལ་གསན་བཞིན་པ།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རིག་གཞུང་ཞིབ་འཇུག་ལས་དོན་པས་གསར་འགོད་པར་རྒྱུད་བཞིའི་གྲ་ཐང་དཔར་མ་ངོ་སྤྲོད་བྱེད་བཞིན་པ།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་གཞོན་མགོན་པོ་དོན་གྲུབ་ཀྱིས་གསར་འགོད་པར《དཔལ་ལྡན་རྒྱུད་བཞི》ཡི་ལོ་རྒྱུས་བརྗོད་བཞིན་པ།
ཉེ་ཆར། ཧྥ་རན་སེའི་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་ཚོགས་འདུ་ཐེངས་216པར་བོད་ལུགས་གསོ་རིག་གི་བསྟན་བཅོས《དཔལ་ལྡན་རྒྱུད་བཞིའི》དཔར་མ་ཁག་ལྔ《འཛམ་གླིང་དྲན་ཤེས་མིང་གཞུང》ལ་གསར་དུ་བདམས་པ་རེད།
《འཛམ་གླིང་དྲན་ཤེས་མིང་གཞུང》ལ་གསར་དུ་བདམས་པའི་དཔལ་ལྡན་རྒྱུད་བཞིའི་དཔར་མ་ཁག་ལྔ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྙན་ཞུ་ཕུལ་བ་བརྒྱུད། 《འཛམ་གླིང་དྲན་ཤེས་མིང་གཞུང》ལ་ཚུད་པ་རེད།
དབྱར་གྱི་དཔལ་ཡོན་རབ་ཏུ་རྒྱས་པའི་དུས་ཚིགས་འདིར། ཞོགས་པའི་ཉི་གཞོན་གྱི་ཟེར་ཐིགས་ཕོ་བྲང་པོ་ཏ་ལའི་གསེར་ཟངས་ཀྱི་རྒྱ་ཕིབས་ལ་འཕྲོས་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། རྫོང་རྒྱབ་ཀླུ་ཁང་གི་གནའ་བོའི་ལྗོན་ཤིང་དག་ལ་སྔོ་ལྗང་ལོ་འདབ་རབ་ཏུ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་ཡོན་ཅི་དགར་ངོམ་པའི་དུས་སུ། གསར་འགོད་པ་རྫོང་རྒྱབ་ཀླུ་ཁང་གི་བྱང་ཤར་མཚམས་སུ་གནས་པའི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་བཅར་འདྲིར་བསྐྱོད་པ་ཡིན།
སྨན་རྩིས་ཁང་གི་རྒྱལ་སྒོ་འཛུལ་མ་ཐག གསར་འགོད་པའི་མིག་ལམ་དུ་གསལ་ལྷམ་མེར་འཆར་བ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་སྐུ་བརྙན་ཡིན་པ་དང་། སྐུ་བརྙན་རྒྱབ་ཀྱི་སྒོ་བསྟེན་སྨན་བཅོས་ཐོག་ཁང་གི་རྒྱལ་སྒོའི་གཡོན་ངོས་སུ“རྒྱུན་འཛིན་གསར་གཏོད། མཁའ་མཉམ་གཞན་ཕན”ཞེས་བྲིས་པའི་ཡིག་འབྲུ་བརྒྱད་ནི་མངོན་གསལ་ལྷག་པར་དོད་ཅིང་། རྒྱལ་སྒོ་དེ་ནས་ཡར་འགྲོ་མར་འོང་བྱེད་མཁན་མི་ཚོགས་ཀྱི་རྒྱུན་མི་ཆད་པའི་ཚུལ་མཐོང་དུས། གསར་འགོད་པའི་ཡིད་ལ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་། ནད་བཅོས་སྲོག་སྐྱོབ་ཀྱི་འཕྲིན་ལས་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་སྙམ།
གཏིང་ཟབ་པའི་གཞུང་ལུགས། ཚགས་ཚུད་པའི་སྲུང་སྐྱོང་།
སྤྱི་ལོའི་དུས་རབས་བརྒྱད་པ་ནས་བཅུ་གཉིས་པའི་བར་ཡོངས་སུ་གྲུབ་པའི《དཔལ་ལྡན་རྒྱུད་བཞི》ནི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་རྒྱུད་བཞི་དང་། ལེའུ་156གི་བདག་ཉིད་ཅན་ཞིག་ཡིན་པ་དང་། དེར་ནད་རིགས་1616དང་། སྨན་སྦྱོར་2258ལྷག་འདུས་ཡོད། གཞུང་དེར་གྲུབ་པ་ལུས་དང་། གནས་ལུགས་ནད་གཞི། གསོ་བྱེད་ཐབས། ངོས་བཟུང་རྟགས། ཞི་བྱེད་སྨན། སྦྱོང་བྱེད་ལས། ཐ་མལ་ནད་མེད་སོགས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་འདུས་ཡོད་པས། རིག་པའི་གཞུང་ལུགས་དང་ནད་ཐོག་ལག་ལེན་ཀུན་འདུས་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ཐམས་ཅད་ཀྱི་ཕྱི་མོ《དཔལ་ལྡན་རྒྱུད་བཞི》ཞེས་སུ་གྲགས།
ལོ་ངོ་སྟོང་ཕྲག་ལྷག་གི་བགྲང་བྱའི་འཁོར་རྒྱུན་ཁྲོད་གངས་ཅན་བོད་གཙོ་བོར་གྱུར་པའི་འཛམ་གླིང་གི་འགྲོ་བ་མིའི་རིགས་མི་ན་བ་ཡུན་དུ་གནས་པར་སྡོད་པ་དང་ན་བ་མྱུར་དུ་གསོ་བར་འདོད་པར་ཕན་པ་བླ་ན་མེད་པ་བཏགས་དང་འདོགས་མུས་ཡིན་པའི་བོད་ལུགས་གསོ་རིག་གི་བསྟན་བཅོས་ཆེ་མོ《དཔལ་ལྡན་རྒྱུད་བཞིའི》དཔར་མ་ཁག་ལྔ《འཛམ་གླིང་དྲན་ཤེས་མིང་གཞུང》དུ་ཚུད་པ་ལས་བོད་ལུགས་གསོ་རིག་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་ནས་འཛམ་གླིང་གི་ཁས་ལེན་ཐོབ་པ་མཚོན་ཡོད།
《འཛམ་གླིང་དྲན་ཤེས་མིང་གཞུང》ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྤྱི་ལོ་1992ལོར་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཛམ་གླིང་གི་དོན་སྙིང་ལྡན་པའི་ཤུལ་བཞག་ཡིག་ཚགས་ལ་སྲུང་སྐྱོང་དང་། ཉར་ཚགས། བེད་སྤྱོད། ཁྱབ་གདལ། སྔོག་འདོན་བཅས་བྱེད་རྒྱུ་དེ་རེད། རང་རྒྱལ་གྱིས་སྔ་རྗེས་སུ་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཤུལ་བཞག་ཡིག་ཚགས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་འགན་སྲུང་བྱས་པས། འཛམ་གླིང་གི་དོན་སྙིང་ལྡན་པའི་ཤུལ་བཞག་ཡིག་ཚགས་མང་པོའི་རིན་ཐང་སྔོག་འདོན་དང་ཚན་རིག་དང་མཐུན་པའི་བེད་སྤྱོད་ལ་སྔར་མེད་ཀྱི་གྲུབ་འབྲས་ཐོབ་ཡོད། རིན་གྱིས་མི་དོ་བའི་བོད་ལུགས་གསོ་རིག་གི་ཤུལ་བཞག་ཡིག་ཚགས《དཔལ་ལྡན་རྒྱུད་བཞིའི》འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ཀྱང་གོང་འོག་ཀུན་བསམ་ཕྱོགས་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ལ་བརྟེན་དགོས། དེར་བརྟེན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རྒྱལ་ཁབ་ཡིག་ཚགས་ཅུས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་དོ་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་རིག་གཞུང་ཞིབ་འཇུག་ཁང་དང་། དཔེ་རྙིང་ཁང་། རིག་གཞུང་གྲངས་གཞིའི་མཛོད་སོགས་བཙུགས་ནས་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ། མཐུན་སྒྲིལ་འབད་འཐབ་དང་དཀའ་ངལ་ཁྱད་བསད་བྱས་ནས། 《དཔལ་ལྡན་རྒྱུད་བཞིའི》བྱུང་རབས་ལོ་རྒྱུས་ཕྱོགས་བསྒྲིགས་དང་། ཡིག་ཚགས་གཤིབ་བསྡུར། ལོ་རབས་དབྱེ་འབྱེད། པར་གཞི་གཏན་འཁེལ་སོགས་ཀྱི་ལས་ཀ་འབོར་ཆེན་བསྒྲུབས་པ་བརྒྱུད། 《དཔལ་ལྡན་རྒྱུད་བཞི》འདི་ཉིད་སྤྱི་ལོ་2018ལོར《འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མིང་གཞུང》དུ་ཚུད་པ་དང་། 2023ལོར《འཛམ་གླིང་དྲན་ཤེས་མིང་གཞུང》དུ་ཚུད་པ་རེད།
ངོ་མཚར་གྱི་ལོ་རྒྱུས། འཛམ་གླིང་གི་ཁས་ལེན།
《འཛམ་གླིང་དྲན་ཤེས་མིང་གཞུང》དུ་ཚུད་པའི《དཔལ་ལྡན་རྒྱུད་བཞིའི》དཔར་མ་ཁག་ལྔ་ནི། སྤྱི་ལོ་1546ལོར་བོད་ཀྱི་གསོ་རིག་མཁས་དབང་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུ་དག་མཛད་ནས་པར་དུ་བརྐོས་པའི་གྲ་ཐང་དཔར་མ་དང་། 1640ལོར་རྗེ་བཙུན་ཀུན་དགའ་སྙིང་པོས་ཞུས་ཆེན་མཛད་པའི་རྟག་བརྟན་དཔར་མ། 1662ལོར་རྒྱལ་དབང་ལྔ་པ་ཆེན་པོས་བོད་ཀྱི་ས་གནས་ཁག་གི་གསོ་རིག་མཁས་དབང་བསྡུས་ནས་རྒྱུད་བཞི་ལ་ཞུ་དག་གནང་སྟེ་ཤིང་པར་དུ་བརྐོས་པའི་དགའ་ལྡན་ཕུན་ཚོགས་གླིང་དཔར་མ། 1892ལོར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གིས་བོད་ཀྱི་གསོ་རིག་མཁས་དབང་སྒྲིག་འཛུགས་མཛད་དེ་ཤིང་པར་དུ་བརྐོས་པའི་ལྕགས་པོ་རིའི་དཔར་མ། 1942ལོར་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུས་གཙོ་འགན་བཞེས་ཏེ་སྐབས་དེའི་ཡིག་མཁན་གདན་དྲངས་ནས་གསེར་ཆུས་ལག་བྲིས་བྱས་པའི་གསེར་བྲིས་དཔར་མ་བཅས་ཡིན། “དཔར་མ་ལྔ་པོ་དེ་དག་ལས་གྲ་ཐང་དཔར་མ་ནི་ཟུར་མཁར་བློ་གྲོས་རྒྱལ་པོས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་རྒྱུད་བཞི་ཕྱག་དྲེག་མ་དང་གསེར་མཆན་མར་གཞི་བཅོལ་ནས་པར་ཤིང་དུ་གསར་དུ་བརྐོས་པ་ཞིག་ཡིན་པ་དང་། དཔར་མ་དེ་ནི་དཔལ་ལྡན་རྒྱུད་བཞིའི་པར་ཤིང་སྔ་ཤོས་ཤིག་དང་། ད་ཡོད་ཀྱི་རྒྱུད་བཞིའི་ཤིང་པར་ཡོངས་ཀྱི་མ་ཕྱི་ལྟ་བུ་རེད”ཅེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་གཉེར་འབུམ་གཞོན་བདེ་སྐྱིད་མཚོ་མོས་བརྗོད།
གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་པའི་བོད་ཀྱི་གསོ་རིག་མཁས་དབང་རྣམས་ཀྱི་ཐུགས་དགོངས་ལས་འཁྲུངས་པའི《དཔལ་ལྡན་རྒྱུད་བཞི》འདི་ཉིད《འཛམ་གླིང་དྲན་ཤེས་མིང་གཞུང》དུ་ཚུད་པ་ལས་བོད་ཀྱི་གསོ་བ་རིག་པའི་སྙན་པའི་བ་དན་གོ་ལའི་ཁྱོན་ལ་ཁྱབ་པ་མཚོན་ལ། དེ་བས་འགྲོ་ཕན་ཚེ་བསྲིང་གི་འཕྲིན་ལས་སྐྱོང་ལ་མཆོག་ཏུ་གྱུར་པའི་བོད་ལུགས་གསོ་རིག་གི་གཞུང་ལུགས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ལས་བརྒལ་ཏེ་འཛམ་གླིང་གསོ་རིག་གཞུང་ལུགས་ཀྱི་གྲལ་དུ་འཁོད་པ་མཚོན་ནུས།
“བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན《དཔལ་ལྡན་རྒྱུད་བཞི》འཛམ་གླིང་དྲན་ཤེས་མིང་གཞུང་དུ་ཚུད་པ་དེས་འཛམ་གླིང་ཡོངས་ནས་རྒྱུད་བཞིས་མཚོན་པའི་བོད་ཀྱི་གསོ་བ་རིག་པར་ཁས་ལེན་དང་གདེང་འཇོག་བྱས་པ་མཚོན་ཐུབ་ལ། དེས་བོད་སྨན་གྱི་བདག་དབང་དང་འཕེལ་རྒྱས་ལ་ཕན་པ་ཆེན་པོ་འབྱུང་ངེས་ལ། བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ཡོངས་ལ་ཁྱབ་གདལ་འགྲོ་བ་དང་། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ་སོ་སོ་ནས་རྒྱུད་བཞིས་གཙོས་པའི་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་གཞོན་མགོན་པོ་དོན་གྲུབ་ཀྱིས་བརྗོད།
མཚོ་བོད་མཐོ་སྒང་དང་ཧི་མ་ལ་ཡའི་རི་རྒྱུད། སོག་པོའི་ས་ཁུལ་བཅས་སུ་བོད་ཀྱི་གསོ་བ་རིག་པ་ཁྱབ་སྤེལ་དང་འཕེལ་རྒྱས་གཏོང་བར་གཞན་དྲིང་མི་འཇོག་པའི་ནུས་པ་ཐོན་པའི《དཔལ་ལྡན་རྒྱུད་བཞིས》སྐབས་དེའི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཀྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད་ལ། དེར་སྔ་རབས་བོད་ཀྱི་མི་ཆོས་རིག་གནས་དང་། མཚན་ཉིད་རིག་པའི་བསམ་བློ། སྲོལ་རྒྱུན་བཟོ་རྩལ་སོགས་ཀྱི་རིག་གནས་སྣ་ཚོགས་འདུས་ཡོད་པས། གཞུང་འདི་ཉིད《འཛམ་གླིང་དྲན་ཤེས་མིང་གཞུང》དུ་ཚུད་པ་ནི“ཀྲུང་ཧྭའི་རིག་གནས་ནི་ལོ་རྒྱུས་ལ་དབང་བ་ཞིག་ཡིན་ལ། དེང་རབས་ལ་དབང་བ་ཞིག་ཀྱང་ཡིན། ཀྲུང་ཧྭའི་རིག་གནས་ནི་མི་རིགས་ལ་དབང་བ་ཞིག་ཡིན་ལ། འཛམ་གླིང་ལ་དབང་བ་ཞིག་ཀྱང་ཡིན”པའི་དཔེ་མཚོན་རྣལ་མ་ཞིག་ཏུ་གྱུར་ཡོད།
ལྷད་མེད་ཀྱི་ཐུགས་ཁུར། ཉམས་མེད་ཀྱི་གསོན་ཤུགས།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རྒྱུས་སུ《དཔལ་ལྡན་རྒྱུད་བཞིར》མཆན་འགྲེལ་200ལྷག་ཙམ་བྱུང་ཡོད་པ་དང་། དེང་གི་ཆར་ཡང་བོད་ལུགས་གསོ་རིག་གི་མཁས་དབང་ཁྲོད་དུ་རང་གི་རྣམ་དཔྱོད་ལ་བརྟེན་ནས《དཔལ་ལྡན་རྒྱུད་བཞིར》མཆན་འགྲེལ་འགོད་མཁན་ཡོད་པ་རེད། དེ་ལས《དཔལ་ལྡན་རྒྱུད་བཞི》ནི་བཀླག་མི་ཚར་བའི་གླེགས་བམ་ཞིག་དང་། བོད་ཀྱི་གསོ་བ་རིག་པ་ནི་གཏིང་མཐའ་མི་དཔོག་པའི་རིག་གཞུང་ཞིག་ཡིན་པ་རྟོགས་ཐུབ། དེ་ལྟའི་ཁྱད་དུ་འཕགས་པའི་རིག་གཞུང་གི་བསམ་གྱིས་མི་ཁྱབ་པའི་ཕན་ནུས་སྔོག་འདོན་བྱེད་དགོས་ན་དང་ཐོག་རིག་གཞུང་གང་དེའི་སྦྱོང་སྤྱོད་སྤེལ་གསུམ་གྱི་འཕྲིན་ལས་རྒྱས་པར་བྱེད་དགོས།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཚེ་རིང་གིས། “རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་མཐོང་ཆེན་དང་། སྨན་རྩིས་ཁང་གི་སྐབས་རིམ་བྱུང་གི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་ཐུགས་ཁུར་འོག་ང་ཚོས་དཔེ་རྙིང་སྲུང་སྐྱོང་དང་ཉར་ཚགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དཔེ་རྙིང་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་ལས་ལ་སྟབས་བདེ་སྐྲུན་ཆེད། དཔེ་རྙིང་གི་མ་ཕྱི་པར་རྒྱག་པའམ་ཡང་ན་མ་ཕྱིའི་ནང་དོན་གློག་ཀླད་དུ་ཕབ་ནས་དཔེ་སྐྲུན་བྱེད་ཀྱི་ཡོད”ཅེས་གསུངས་པ་ལྟར། 《དཔལ་ལྡན་རྒྱུད་བཞི》ཉར་ཚགས་བྱེད་པ་པོ་དང་གང་དེ་འཛམ་གླིང་དྲན་ཤེས་མིང་གཞུང་དུ་སྙན་ཞུ་ཕུལ་མཁན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཤུལ་བཞག་ཡིག་ཚགས་དང་དཔེ་རྙིང་སྲུང་སྐྱོང་དང་། སྔོག་འདོན། བཀོལ་སྤྱོད་བཅས་བྱེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བཞིན་ཡོད་པས་འབྱུང་འགྱུར་བོད་ཀྱི་གསོ་བ་རིག་པ་སྔར་བས་དར་བར་གདེང་ཚོད་ཀྱིས་ཁེངས་ཤིང་། ལྷག་དོན་དུ་ཟླ་6ཚེས་2ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བས། སླད་ཕྱིན་བོད་ཀྱི་གསོ་བ་རིག་པས་གཙོས་པའི་ཀྲུང་ཧྭའི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་འཕེལ་ནས་རིག་གནས་རྫོགས་ལྡན་གྱི་རྒྱལ་ཁབ་ཆེན་པོའི་ཕུགས་འདུན་མགྱོགས་མྱུར་མངོན་དུ་འགྱུར་ངེས་རེད།