དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • “བོད་ཀྱི་སྨན་པ་ལེགས་གྲས་བཅུའི”མཚན་སྙན་ཐོབ་མཁན་རྡོ་རྗེས།

    འཐབ་ཕྱོགས་དང་པོ་བརྟན་པོར་བསྲུངས། བརྩེ་སེམས་ཟབ་མོས་བདེ་ཐང་བསྐྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    སྨན་པ་ཡག་པོ་ཞིག་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། གཞི་རིམ་དུ་ལོ་24ཡི་རིང་ཉིན་གཅིག་ལྟར་སྤྱོད་བཟང་ལས་བཀུར་ལ་འབད་རྒྱུ་དེ་བས་ལས་སླ་པོ་མིན་མོད། རྡོ་རྗེས་དེ་ལྟར་རྒྱུན་འཁྱོངས་ཐུབ་ཡོད།

    འདི་ལོ་ལོ་50ལ་སླེབས་པའི་རྡོ་རྗེས་ད་ཆ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད་ཅིང་། སྔ་རྗེས་སུ་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་འཕྲོད་བསྟེན་ཁང་དང་། སྒར་རྫོང་ལྟེ་བའི་སྨན་ཁང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བཅས་སུ་ལས་ཀ་བྱེད་མྱོང་། ཁོང་གིས་རྒྱུན་དུ“ཕྱི་བཅོས་ཚན་ཁག་གི་སྨན་པ་ཞིག་ཡིན་པའི་ངོས་ནས་གཤགས་བཅོས་བྱེད་སྐབས་ཀྱི་ནད་པའི་འཆི་གསོན་དང་འབྲེལ་བ་ཡོད་པས། ལྷོད་གཡེང་གཏན་ནས་བྱེད་མི་རུང”ཞེས་ཤོད་ཀྱི་ཡོད།

    སྨན་བཅོས་ལས་ལ་འབད་ནས་ལོ་24ཡི་རིང་། རྡོ་རྗེས་རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་བཅུ་ལྷག་ཙམ་ལ་སྨན་བཅོས་བྱས་ཤིང་། གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་སྐྱོ་བའི་གནས་ཚུལ་འོག་དོས་དྲག་དང་ནད་ཚབས་ལྕི་བའི་ནད་པར་སྨན་བཅོས་དང་དཀའ་ཚེགས་ཆེ་བའི་གཤགས་བཅོས་ཐེངས་ཆིག་སྟོང་ཙམ་བྱས་ཡོད། ཁོང་གིས་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་དང་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་སེར་གྱི་ཚེ་སྲོག་དང་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱས་པས། ནད་པའི་བརྩི་བཀུར་དང་ཡིད་ཆེས་ཆེན་པོ་ཐོབ་ཡོད།

    རྡོ་རྗེ་སློབ་ཆེན་ཐོན་རྗེས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་འཕྲོད་བསྟེན་ཁང་དུ་ལས་བགོས་བརྒྱབ། རྡོ་རྗེས་ས་གནས་དེ་གའི་ནད་པར་ཞབས་འདེགས་སྔར་བས་ཡག་པོ་ཞུ་ཆེད་བློ་རྩེ་གཅིག་སྒྲིམ་གྱིས་རང་སྦྱོང་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཡང་སེ་ཞུས་ཏེ། ཡུལ་དེ་གའི་རྒྱུན་མཐོང་ནད་ལ་འགྲོ་སོང་ཉུང་བ་དང་ཕན་འབྲས་ལེགས་པའི་བཅོས་ཐབས་འཚོལ་ཞིབ་བྱས།

    ཚན་རིག་དང་མཐུན་པའི་སྔོན་འགོག་ནི་ནད་ཕོག་རྗེས་ཀྱི་སྨན་བཅོས་ལས་དེ་བས་གལ་ཆེ་བ་རྡོ་རྗེས་གསལ་པོར་ཤེས། ལོ་ཤས་རིང་། རྡོ་རྗེ་དང་ཁོང་གི་ལས་རོགས་ཚོས་མང་ཚོགས་ལ་གཞི་རྩའི་འཕྲོད་བསྟེན་གྱི་རྒྱུན་ཤེས་ཁྱབ་གདལ་ཧུར་ཐག་བཏང་བས། ཡུལ་དེ་གའི་མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་དང་། སྨན་བཅོས་འདུ་ཤེས། ཚན་རིག་དང་མཐུན་པའི་ནད་འགོག་ནུས་པ་སོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    2010ལོར་རྡོ་རྗེ་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་དུ་ལས་སྒྱུར་བྱས། ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་དུ་ལས་ཀ་སྒྲུབ་དུས་ཁོང་ལ་མཆིན་པ་རྨས་པའི་ནད་པ་ཞིག་ཕྲད་ནས་མཆིན་པར་ལྷན་པ་རྒྱག་པའི་གཤགས་བཅོས་བྱེད་དགོས་འཁེལ་ཡོད། སྐབས་དེ་དུས་རྫོང་མི་དམངས་སྨན་ཁང་གི་ཆ་རྐྱེན་ལ་ཚད་བཀག་ཡོད་པས་ལྷ་སའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱ་རྒྱུའི་གྲོས་འགོ་བཏོན། འོན་ཀྱང་སྨན་ཁང་དུ་སྐྱེལ་བའི་ལམ་དུ་ཡོ་འཁྱོམ་ཕྲན་ཙམ་བྱུང་ན་སྲོག་ཉེན་ཧ་ཅང་ཆེ།

    ནད་པ་དང་དེའི་ནང་མིའི་མོས་མཐུན་ཐོབ་རྗེས་རྡོ་རྗེས་ནད་པར་དོས་དྲག་གཤགས་བཅོས་བྱས་ནས་ནད་པའི་ཚེ་སྲོག་བསྐྱབས།

    “སྨན་བཅོས་ལག་རྩལ་ཁྱད་དུ་འཕགས”དང“སྨན་པའི་ཀུན་སྤྱོད་བླ་ན་མེད”སོགས་ལྷུན་གྲུབ་རྫོང་གི་ནད་པས་བསྐྱལ་བའི་གོས་དར་རེ་རེའི་ངོས་ཀྱི་བསྔགས་བརྗོད་ཀྱི་ཚིག་འབྲུ་རེ་རེ་ནི་རྡོ་རྗེས་ལོ་24ཡི་རིང་སྨན་བཅོས་ལས་ལ་གཞོལ་སྐབས་ཀྱི་སྨན་པའི་ཀུན་སྤྱོད་ཇི་མ་ཇི་བཞིན་མཚོན་པ་ཞིག་རེད། མངའ་རིས་ས་ཁུལ་ནས་ལྷུན་གྲུབ་རྫོང་བར་གྱི་ལོ་བཅུ་གྲངས་རིང་རྡོ་རྗེས་ཉིན་གཅིག་ལྟར་རང་འགན་ནན་སྒྲུབ་བྱས་པ་དང་སེམས་ནང་ནད་པ་ཁོ་ན་བསམ་པས་ནད་པའི་ཁས་ལེན་ཐོབ་པ་མ་ཟད། ལོ་མང་བསྟུད་མར“སྔོན་ཐོན་ལས་དོན་པར”ཡང་བདམས། 2023ལོའི་ཟླ་4པར་རྡོ་རྗེ“བོད་ཀྱི་སྨན་པ་ལེགས་གྲས་བཅུའི”གྲས་སུ་བདམས་ཡོད།

    རྡོ་རྗེས“སྨན་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་ཆེད་ལས་འཇོན་ཐང་ཟམ་མི་ཆད་པར་ལེགས་སུ་བཏང་ཚེ་གཞི་ནས་ནད་པ་སྔར་བས་མང་བར་སྔོན་ཐོན་དང་ཆེད་ལས་ཀྱི་ཞབས་འདེགས་ཞུ་ཐུབ། སླད་ཕྱིན་ངས་སྔར་བས་ལས་བཀུར་དང་འབད་བརྩོན་དང་། སྨན་པའི་བྱམས་སེམས་དང་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ནད་པ་དེ་བས་མང་བར་ཕན་བདེ་བསྐྲུན་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།