དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱིས“འཁོར་འབྲེལ་བཞིའི་རྒྱུན་འཁོར”ལ་བརྟེན་ནས་བོད་ལུགས་གསོ་རིག་གི་གསར་གཏོད་མ་ལག་བཏོད་པ།

  • ཡོང་ཁུངས།  འོད་ཟེར་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-21

    བོད་ལུགས་གསོ་རིག་གི་ངོས་ནས་བརྗོད་ན། འདི་ལོའི་དཔྱིད་ཀར་བཀྲ་ཤིས་པའི་བྱ་བ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་སྟེ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས(བོད་ལུགས་གསོ་རིག)གྲབས་འཛུགས་ཚན་པའི་སྒོ་བྱང་དངོས་སུ་བཀལ་བ་དང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་དངོས་སུ་སྤྱོད་འགོ་ཚུགས་པ་སོགས་རེད།

    “རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཀོད་སྒྲིག་བྱས་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་འཛམ་གླིང་ཐོག་གི་བོད་ལུགས་གསོ་རིག་ཞིབ་འཇུག་ལས་སྟེགས་རྩེ་གྲ་དང་། བོད་ལུགས་གསོ་རིག་སློབ་ཆེན་རྩེ་གྲ བོད་ལུགས་གསོ་རིག་ཁེ་ལས་རྩེ་གྲ བོད་ལུགས་གསོ་རིག་སྨན་བཅོས་ལྟེ་གནས་རྩེ་གྲ་བཅས་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་བོད་ལུགས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་ཞིབ་འགག་སྒྲོལ། ཞབས་འདེགས་ནུས་པ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པས། བོད་ལུགས་གསོ་རིག་གི་དུས་བཟང་འཆར་ཡོད་ཅེས་བརྗོད་ཆོག”ཅེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཚེ་རིང་གིས་གསར་འགོད་པ་མཐོང་མ་ཐག་སེམས་གཏིང་གི་སྐད་ཆ་བཤད།

    བོད་ལུགས་གསོ་རིག་རྩེ་གྲ་གཏོད་པར་ཤེས་ལྡན་པ་ནི་འགག་རྩ་ཡིན།

    བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་མིག་དམར་གྱིས་གསར་འགོད་པར“བོད་ལུགས་གསོ་རིག་གིས་དམིགས་བསལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་སྨན་བཅོས་ཀྱི་ཕན་ནུས་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་ཡོད། ད་ཆ་གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། དེའི་ཐད་བོད་ལུགས་གསོ་རིག་ཤེས་ལྡན་པ་འབོར་ཆེན་གྱིས་འདེགས་སྐྱོར་བྱེད་དགོས་ཀྱི་ཡོད། རྒྱལ་ཡོངས་སུ་ལོགས་སུ་བཙུགས་པའི་བོད་ལུགས་གསོ་རིག་མཐོ་རིམ་སློབ་གླིང་འབའ་ཞིག་དེ་ཡིན་པའི་ངོས་ནས། ལོ་དེ་དག་ནང་ང་ཚོས་མཐོ་རིམ་སློབ་གསོ་དང་། ལས་རིགས་གསོ་སྦྱོང་། དགེ་སློབ་རྒྱུན་འཛིན་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཡོངས་ལ་རིམ་པ་ཁག་གི་བོད་ལུགས་གསོ་རིག་ཤེས་ལྡན་པ་7000ལྷག་ཙམ་གསོ་སྐྱོང་བྱས་ཡོད”ཅེས་བཤད།

    བོད་ལུགས་གསོ་རིག་ཀུང་སི་ཞིག་གི་ཏུང་ཧྲི་ཀྲང་ཟླ་བ་ཚེ་རིང་གིས་གསར་འགོད་པར“ཉེ་བའི་ལོ་ཤས་རིང་ཀུང་སིར་མཐོ་སློབ་སློབ་ཐོན་སློབ་མ་150ལྷག་ཙམ་བསྡུས་པའི་ནང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་80%ཡན་བཟུང་ཡོད། མིག་སྔར་ང་ཚོས་བོད་ལུགས་གསོ་རིག་ལྟེ་བའི་ལག་རྩལ་རང་བརྟེན་གསར་གཏོད་བྱས་པར་ཚད་བརྒལ་གསར་པ་མང་པོ་བྱུང་ཡོད། གྲུབ་འབྲས་དེ་དག་ནི་ཆུ་ཚད་མཐོ་བའི་གཞོན་ནུ་ཤེས་ལྡན་པ་མང་པོ་ཞུགས་པས་རེད། འདི་ལོ་ང་ཚོས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མ་15དངོས་སྦྱོང་དུ་དང་ལེན་བྱས་པ་ཡིན། གཞོན་ནུ་དེ་དག་སླེབས་པས་ང་ཚོས་བོད་ལུགས་གསོ་རིག་གི་འབྱུང་འགྱུར་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བཤད།

    བོད་ལུགས་གསོ་རིག་སྟོབས་ཆེར་སོང་བ་ནི་ཐོན་ལས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད།

    དེར་བརྟེན་བོད་ཀྱིས“ཁེ་ལས+ཚན་ཞིབ+རྟེན་གཞི+ཞིང་དུད”ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས་བོད་ལུགས་གསོ་རིག་འཕེལ་རྒྱས་བཏང་བ་དང་ཆབས་ཅིག བོད་ལུགས་གསོ་རིག་ཐོན་ལས་གཉེར་མཁན་མང་ཚོགས་རྣམས་མཉམ་དུ་ཕྱུག་པོ་ཆགས་པར་བྱས་ཡོད།

    “ང་ཚོས་བོད་སྨན་སྨན་རྒྱུ་འདེབས་པའི་བརྒྱུད་རིམ་ཧྲིལ་པོར་བོད་ལྗོངས་ཞིང་ལས་ཚན་རིག་ཁང་གིས་མཛུབ་ཁྲིད་བྱས་ཡོད། ཆེད་ལས་ཀྱི་མཛུབ་ཁྲིད་དང་གསོ་སྦྱོང་བྱས་པ་བརྒྱུད། བོད་སྨན་གླིང་ཁུལ་གྱིས་སྔ་རྗེས་སུ་མཉམ་ལས་ཁང་གསུམ་བོད་སྨན་སྨན་རྒྱུ་འདེབས་ལས་ལ་ཞུགས་པར་སྐུལ་ཁྲིད་བྱས་ཡོད། འདི་ལོ་ང་ཚོའི་བོད་སྨན་སྨན་རྒྱུ་འདེབས་ཁྱོན་མུའུ་600བར་རྒྱ་ཆེར་གཏོང་རྩིས་ཡོད། སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་ཁྲི་200ཟིན་ནས་བོད་སྨན་སྨན་རྒྱུ་འདེབས་མཁན་ཞིང་དུད་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་5000རག་པའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གི་བོད་སྨན་གླིང་ཁུལ་དུ་འགན་འཁུར་བ་སུའུ་དབྱི་མིན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

    བོད་རང་སྐྱོང་ལྗོངས་ཀྱི་དམིགས་ཚད་གཞིར་བཟུང་། 2025ལོར་སླེབས་སྐབས་རྒྱལ་ཁབ་རིམ་པའི་བོད་སྨན་སྨན་རྒྱུའི་ཐོན་ལས་གླིང་1དང་། བོད་སྨན་སྨན་རྒྱུ་འདེབས་རྩལ་ཞིབ་འཇུག་རྟེན་གཞི་2 ས་བོན་དང་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་1བཅས་བསྐྲུན་ནས་ལྗོངས་ཡོངས་ཀྱི་བོད་སྨན་སྨན་རྒྱུ་འདེབས་ཁྱོན་མུའུ་ཁྲི་2.5དང་བོད་ལུགས་གསོ་རིག་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་70ཟིན་པར་བྱེད་ཀྱི་ཡོད།

    བོད་ལུགས་གསོ་རིག་རྒྱུན་མཐུད་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།

    བོད་ལུགས་གསོ་རིག་འཕེལ་རྒྱས་ལ་ཟམ་མི་ཆད་པའི་སྒུལ་ཤུགས་ལྡན་ཆེད། བོད་ཀྱིས་ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་གསར་གཏོད་ཀྱི་འཁོར་འབྲེལ་ལ་སྐུལ་ཁྲིད་བྱས་ཏེ“བོད་ལུགས་གསོ་རིག+”གི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་བོད་ལུགས་གསོ་རིག་རིག་གནས་དང་། ཡུལ་སྐོར། ལུས་གསོ་སོགས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།

    འདི་ལོའི“ལྔ་གཅིག”གུང་གསེང་རིང་། ཉིང་ཁྲིའི་མེ་ཏོག་སྤ་སྟེང་གྲོང་ཚོའི་ཆུ་ཚན་རྒྱག་སའི་ཁྱིམ་ཚང་མགྲོན་ཁང་སྟར་པ་ལྔར་ཆ་མཚོན་ན་ཡུལ་སྐོར་བས་ཟླ་གཅིག་གི་གོང་ནས་མངགས་དགོས་ཀྱི་ཡོད། གྲོང་ཚོའི་ཧྲུའུ་ཅི་དང་པོ་ཝང་དབྱིང་གིས“མེ་ཏོག་རྫོང་གི་ལུམས་ནི་ལུམས་ཀུན་ནས་ཡག་ཤོས་ཤིག་རེད། དེས་མིའི་ལུས་པོའི་བད་རླུང་བཅོས་པར་ཕན་འབྲས་མངོན་གསལ་དོད་པོ་ཡོད། ད་ཆ་ང་ཚོའི་གྲོང་ཚོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་ལུམས་རྒྱག་སས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། འདི་ལོའི་དུས་ཚིགས་དང་པོར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད”ཅེས་བཤད།

    ནག་ཆུའི་རྒན་རྒོན་སྨན་བཅོས་ལུས་གསོ་ཟུང་འབྲེལ་ལྟེ་གནས་སུ་གསར་འགོད་པས་ནག་ཆུའི་སྨན་རྩིས་ཁང་གི་སྨན་དོན་པས་རྒན་རྒོན་ཚོར་བྱུག་པ་རྒྱག་བཞིན་པ་སོགས་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་བྱེད་བཞིན་པ་མཐོང་བྱུང་། “མིག་སྔར་ལྟེ་གནས་སུ་རྒན་རྒོན་520དང་ནད་པ་གཞན་906ཡོད། ང་ཚོས་ས་གནས་དེ་གའི་སྨན་རྩིས་ཁང་དང་འབྲེལ་བ་བྱས་ནས་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་ལེགས་ཆ་གང་ལེགས་བཏོན་པས་རྒན་རྒོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར། ང་ཚོས་ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱིས་སྐོར་སྐྱོད་སྨན་བཅོས་བྱས་ཏེ་ས་བབ་མཐོ་བའི་ས་ཁུལ་གྱི་རྒན་རྒོན་ཚོའི་རྒན་གསོའི་དགོས་མཁོ་གང་ཐུབ་ཅི་ཐུབ་སྐོང་ཐུབ་པར་བྱེད་ཀྱི་ཡིན”ཞེས་ལྟེ་གནས་དེའི་འགན་འཁུར་བ་བསོད་ནམས་སྒྲོལ་མས་གསར་འགོད་པར་བཤད།

    “རང་སྐྱོང་ལྗོངས་ཀྱིས་འཆར་འགོད་བྱས་ནས་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་ལྟེ་བར་བྱེད་པའི‘1+N’གསར་གཏོད་དྲ་རྒྱའི་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་དེ། བོད་ལུགས་གསོ་རིག་གི‘གསར་གཏོད་འཁོར་འབྲེལ’དང‘ཐོན་ལས་འཁོར་འབྲེལ’‘ཤེས་ལྡན་པའི་འཁོར་འབྲེལ’‘མ་དངུལ་འཁོར་འབྲེལ’བཅས་འཁོར་འབྲེལ་བཞི་རྒྱུན་འཁོར་ཐུབ་པ་དང་། ‘ལོ་ལྔ་ཚན་བཅུ་བཞི་པའི’དུས་མཇུག་ཏུ་སླེབས་སྐབས་རང་སྐྱོང་ལྗོངས་ཀྱི་རིམ་པ་གསུམ་པའི་སྨན་རྩིས་ཁང་7བར་དང་རིམ་པ་གཉིས་པའི་སྨན་རྩིས་ཁང་10བར་འཕེལ་རྒྱས་གཏོང་གི་ཡིན”ཞེས་འབྱུང་འགྱུར་གྱི་སྐོར་གླེང་སྐབས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་སེམས་ཤུགས་ཆེན་པོས་དེ་ལྟར་བཤད།

    (《འོད་ཟེར་ཉིན་རེའི་ཚགས་པར》2023ལོའི་ཟླ་5ཚེས་10ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།