བོད་ལུགས་གསོ་རིག་ནི་ཀྲུང་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་བྱ་གཞག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས། སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ནས། བོད་ལུགས་གསོ་རིག་རིག་གནས“ཕྱིར་སྐྱོད་པར”སྐུལ་འདེད་བཏང་བས་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། “ལུམས་བཅོས”ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་ཞིབ་གསུམ་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ལ་བཅུག་པ་དང་། 《རྒྱུད་བཞི》འཛམ་གླིང་དྲན་འཆར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མིང་གཞུང་དུ་བདེ་བླག་ངང་ཚུད་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བོད་ལུགས་གསོ་རིག་གི་རྣམ་གྲངས་40ཟིན་ཡོད་པ་རེད།
རང་ལྗོངས་ཀྱི་བོད་ལུགས་གསོ་རིག་ལ་ལོ་རྒྱུས་ཀྱི་ནང་དོན་ཟབ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པས་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། 2016ལོར་ཀྲུང་གོའི་བོད་ཀྱི་བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་གླེང་སྟེགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་རྗེས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རིགས་གཅིག་མཁས་ཅན་སྔ་རྗེས་སུ་ནེ་པ་ལ་དང་། རི་པིན། ཨ་རི་སོགས་སུ་རིག་གནས་སྒྲོག་འགྲེལ་དང་རིག་གཞུང་སྤེལ་རེས་ལ་མངགས་པ་དང་། ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་། ཀྲུང་ནེ་དང་ཀྲུང་མོང་སོགས་དྲ་ཐོག་དང་དྲ་ཕྱིའི་སྤེལ་རེས་ཚོགས་འདུར་ཞུགས་ནས། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་དྲིལ་བསྒྲགས་དང་སྤེལ་རེས་མྱོང་རོལ་ལ་སྐུལ་འདེད་བཏང་བ་རེད།
རིམས་ནད་ཐོན་རིང་། རང་ལྗོངས་ཀྱིས་བོད་ལུགས་གསོ་རིག་གི་སྟབས་བདེ་དང་། ཞིབ་བཤེར། སྤྱོད་གཙང་བཅས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ཏེ། རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞུགས་པ་དང་། ནད་པའི་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་བདེ་ཐང་སྲུང་སྐྱོང་དང་ནད་འགོག་སྨན་བཅོས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གྱིས་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་མཉམ་འདྲེས་ཐུབ་པར་བྱས་ཏེ་འཛམ་གླིང་ཐོག་གི་བོད་ལུགས་གསོ་རིག་གི་ཞིབ་འཇུག་ལས་སྟེགས་རྩེ་གྲ་དང་། བོད་ལུགས་གསོ་རིག་གི་སློབ་གྲྭ་ཆེན་མོ་རྩེ་གྲ བོད་ལུགས་གསོ་རིག་གི་ཁེ་ལས་རྩེ་གྲ བོད་ལུགས་གསོ་རིག་གི་སྨན་བཅོས་ལྟེ་གནས་རྩེ་གྲ་བཅས་སྐྲུན་དགོས་པའི་དམིགས་ཚད་བཏོན་པ་དང་རོགས་སྐྱོར་སྲིད་ཇུས་དང་འཕེལ་རྒྱས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཟོས་ཏེ་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2012ལོ་ནས་བཟུང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་9ལྷག་ཙམ་བཏང་ནས་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ་དང་། རྒྱལ་ཁབ་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་5བཙུགས་པ། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་སྦྱོང་ཚན་ཁག་17དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་11བཙུགས་པ་རེད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱལ་ཡོངས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་རྩིས་ཁང་ཁག་དང་པོར་བདམས་པ་དང་ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་མི་རིགས་སྨན་ཁང་གི་ལས་རྗེས་དཔྱད་ཞིབ་ཁྲོད་ཨང་དང་པོ་ཐོབ་པ། ལྷོ་ཁ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱིས་སྔ་རྗེས་སུ“ཀ་པ་རིམ་པ་གསུམ་པའི”སྨན་རྩིས་ཁང་སྔ་རྗེས་སུ་བཏོད་པ་དང་། ནག་ཆུ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས“ཁ་པ་རིམ་པ་གསུམ་པའི”སྨན་རྩིས་ཁང་བཙུགས་ཤིང་། མིག་སྔར། ལྗོངས་ཡོངས་ཀྱི་གཞུང་བཙུགས་སྨན་རྩིས་ཁང་གིས་ལོར་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་334ཟིན་པ་དང་སྨན་ཁང་དུ་སྡོད་ཚད་མི་ཐེངས་ཁྲི་2.4ཟིན་ཡོད་པ་རེད།