དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱིས་ལོ་10ཡི་རིང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་9ལྷག་ཙམ་བཏང་ནས་བོད་ལུགས་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-04-14

    ཚེས་9ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱིས་འཚོགས་པའི་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་བ་རིག་པའི་འཕེལ་རྒྱས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་། བོད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་9ལྷག་ཙམ་བཏང་ནས་བོད་ལུགས་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ། རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་5དང་། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་བ་རིག་པའི་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་17 རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་11བཅས་བཙུགས་ནས་བོད་ལུགས་གསོ་བ་རིག་པའི་ཐོན་སྐྱེད་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། 2022ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་བ་རིག་པའི་ཐོན་སྐྱེད་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25.22ཟིན་པ་དེ་2012ལོ་ལས་ལྡབ་གཅིག་འཕར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་བཅུའི་རིང་། བོད་ལུགས་གསོ་བ་རིག་པའི་ཚན་ཞིབ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་ཀྱི་གསོ་བ་རིག་པའི་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞི་དང་པོ་བཙུགས་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་4བཙུགས་པ། དཔེ་རྙིང་ཚད་ལྡན་ཡིག་ཆ་300ལྷག་ཙམ་འཚོལ་བསྡུ་ལེགས་སྒྲིག་བྱས་པ། བོད་ལུགས་གསོ་བ་རིག་པའི་སྨན་པ་རྒན་གྲས་ཀྱི་སྨན་ཐོ་ཁྲི་10ཙམ་ལེགས་སྒྲིག་དང་བོད་ལུགས་གསོ་བ་རིག་པའི་གསུང་རབ་ཀྱི་སྨན་ཐོ་རྩེ་གྲ་34འདེམས་སྒྲུག་དང་ཞིབ་འཇུག་གི་ལས་དོན་ལེགས་སྒྲུབ་བྱས་པ། སྔ་རྗེས་སུ་ཚན་ཞིབ་བྱ་གཞི་དང་ཚད་གཞི་ཅན་གྱི་གཏན་འབེབས་རྣམ་གྲངས་200ལྷག་ཙམ་ལེགས་སྒྲུབ་བྱས་ཡོད།

    “ལོ་བཅུའི་རིང་། བོད་ལུགས་གསོ་བ་རིག་པའི་ཤུགས་རྐྱེན་རིམ་བཞིན་ཆེ་རུ་ཕྱིན་ནས་ལུམས་བཅོས་དེ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་ཞིབ་གསུམ་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་དང་། 《རྒྱུད་བཞི》འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མིང་གཞུང་ནང་བདེ་བླག་ངང་ཚུད་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བོད་ལུགས་གསོ་བ་རིག་པའི་རྣམ་གྲངས་40ཙམ་ཟིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་བཤད།

    སྐལ་བཟང་གཡུ་སྒྲོན་གྱིས། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་དོན་དངོས་དང་འཚམ་པའི་བོད་ལུགས་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་བརྩོན་ལེན་བྱས་ནས། རྒྱལ་ཁབ་ཀྱི་བོད་ལུགས་གསོ་བ་རིག་པའི་ལྟེ་གནས་འཛུགས་གཏོད་ཧུར་ཐག་བྱེད་པ་དང་། རིམ་ཁག་སྨན་རྩིས་ཁང་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་ལ་ཞུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། རྫོང་རིམ་པའི་སྨན་རྩིས་ཁང་གི་ཚད་གཞི་མཐོར་གཏོང་དང་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་ཞབས་ཞུའི་ལྟེ་གནས་ཀྱི་བོད་ལུགས་གསོ་རིག་ཁང་གི་གདང་རིམ་སྤོར་བ་བཅས་བྱས་ཏེ་གཞི་རིམ་གྱི་བོད་ལུགས་གསོ་བ་རིག་པའི་ཞབས་ཞུའི་རྨང་གཞི་བརྟན་དུ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།