ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་འདེགས་ཞུ་ཚད་2012ལོའི་50%དང་། 71% 15%བཅས་ནས་སོ་སོར་100%དང་། 94.4% 42.4%བཅས་འཕར་ཏེ། ལྷ་ས་ལྟེ་བར་བྱས་པ་དང་ལྗོངས་ཡོངས་སུ་ཁྱབ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་ཡོད།
བོད་ལུགས་གསོ་རིག་དང་བོད་སྨན་ནི་རང་རྒྱལ་གྱི་གསོ་རིག་བང་མཛོད་ནང་གི་མུ་ཏིག་ལྟ་བུ་ཡིན་ཞིང་། ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། མི་རབས་ནས་མི་རབས་བར་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་མཁན་བོད་རིགས་མི་དམངས་ཀྱིས་རང་བྱུང་དང་ནད་གཞི་སྣ་ཚོགས་ལ་འཐབ་རྩོད་བྱེད་རིང་། ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་མ་ལག་ཅིག་ཀྱང་གྲུབ་ཡོད།
མི་རིགས་ཀྱི་རིག་གནས་མཆོག་ནོར་དེར་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱ་ཆེད། བོད་ཀྱིས་ལོ་མང་རིང་བོད་ལུགས་གསོ་རིག་དང་བོད་སྨན་གྱི“སྨན་བཅོས་དང་། སློབ་གསོ། ཞིབ་འཇུག ཐོན་ལས”བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ལས་སྨན་བཅོས་དང་། འཕྲོད་སྦྱོར། ཚན་ཞིབ། སློབ་གསོ། ཐོན་ལས། རིག་གནས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་ལས། བོད་སྨན་ཐོན་སྐྱེད་ཁེ་ལས་ལག་ཤེས་བཟོ་ཁང་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་ཕྱོགས་སུ་འགྱུར་ལྡོག་བྱུང་ཞིང་། རྒྱུན་འཁོར་ཧྲིལ་པོ་དང་སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ནས་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། 2022ལོར། བོད་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱི་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་25ལྷག་ཙམ་ཟིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། སློབ་གླིང་དང་སློབ་གྲྭའི་སློབ་གསོ་དང་། ཚད་ལྡན་ཅན་གྱི་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་འབྲེལ་མཐུད་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་དང་། དེང་རབས་ཚན་རིག་ལག་རྩལ་དང་སྲོལ་རྒྱུན་ཞིབ་འཇུག་བྱ་ཐབས་ཡག་པོ་སྤྱོད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་བཀོལ་སྤྱོད་མགྱོགས་པོ་བཅས་བྱས་ཏེ། བོད་ལུགས་གསོ་རིག་གི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་ལས་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།