དབུ་ཤོག>བོད་ལུགས་གསོ་རིག
  • མཐའ་མཚམས་གཡུ་ཡི་ལུང་པ་རུ། གསོ་རིག་དར་བས་འགྲོ་ཀུན་བདེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་དབང་ཕྱུག   |     སྤེལ་དུས།  2022-05-21

    2251620_huangzy_1653062400000_s.jpg

    སྨན་པ་དཔལ་ལྡན་རྒྱ་མཚོས་ནད་པར་བརྟག་དཔྱད་བྱེད་བཞིན་པ།

    2251616_huangzy_1653062400000_s.jpg

    སྨན་པ་བུ་ཆུང་གིས་ནད་པར་གསེར་ཁབ་རྒྱག་བཞིན་པ།

    2251610_huangzy_1653062400000_s.jpg

    ནད་པར་བྱུག་པ་རྒྱག་བཞིན་པ།

    2251608_huangzy_1653062400000_s.jpg

    བདུད་རྩི་ལྔ་ལུམས་གདུ་བཞིན་པ།

    2251614_huangzy_1653062400000_s.jpg

    ནད་པས་སྨན་ཁང་གི་ལས་མིར་ཐུགས་རྗེ་ལེགས་འབུལ་གྱི་གོས་དར་སྤྲད་པ།

    2251632_huangzy_1653062400000_s.jpg

    སྨན་པ་བུ་ཆུང་གིས་ནད་པར་མགོ་ལུམས་རྒྱག་བཞིན་པ།

    2251618_huangzy_1653062400000_s.jpg

    སྨན་པ་བུ་ཆུང་གིས་ནད་པའི་སྒལ་ཚིགས་ལ་བརྟག་དཔྱད་བྱེད་བཞིན་པ།

    ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་1100ལྷག་ཙམ་ཆོད་པའི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་སྐྱོད་པའི་གོ་སྐབས་ཤིག་བྱུང་། ཡུལ་དེ་གར་ཆར་ཆུ་འབེལ་བས་རི་ཀླུང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས་ནས་དབྱར་དགུན་མེད་པར་སྔོ་ཐིང་ངེར་གནས་ཡོད་ལ། མཁའ་རླུང་ཤིན་ཏུ་གཙང་ཞིང་གསོ་རླུང་འདང་ངེས་ཡོད་པས་གཟུགས་པོ་སྔར་ལས་བདེ་བའི་ཚོར་སྣང་ཞིག་ཀྱང་བྱུང་།

    དེ་གའི་མང་ཚོགས་ཁག་གཅིག་དང་ཅི་འཕྲོས་མོལ་འཕྲོས་ཤོད་ཞོར་དུ་རྫ་ཡུལ་རྫོང་སྨན་རྩིས་ཁང་གི་སྐོར་གླེང་འགོ་ཚུགས་ཤིང་། སྨན་ཁང་དེ་གའི་སྨན་པའི་རྣམ་འགྱུར་ལེགས་ཤིང་སྨན་བཅོས་ལག་རྩལ་ཡག་པོ་ཡོད་པ་དང་། ལྷག་པར་དུ་ལུམས་དང་གཏར་ཁ་སོགས་ཀྱི་ལག་རྩལ་ཡག་པོ་ཡོད་ལུགས་དང་ཕན་ནུས་ཆེན་པོ་ལྡན་ལུགས་བཤད་བྱུང་བས། གསར་འགོད་པར་སྨན་ཁང་དེ་གར་བཅར་འདྲི་བྱེད་པར་སྐྱོད་པའི་འདུན་པ་ཞིག་ཡིད་ཁར་འཆར། རྫོང་དེ་རྒྱ་ཆེན་པོ་དེ་ཙམ་མེད་སྟབས་གསང་ཆུ་བརྒལ་ནས་དགའ་པའི་གཡོན་ངོགས་སུ་གོམ་པ་ཁ་ཤས་བརྒྱབ་ན། རྫོང་མི་དམངས་སྨན་ཁང་དང་རྫོང་སྨན་རྩིས་ཁང་གཉིས་གཞུང་ལམ་གྱི་གཡས་གཡོན་དུ་ཐོག་བརྩེགས་ཁང་ཆེན་གཉིས་གཅིག་ལ་གཅིག་གིས་འགྲན་པ་ལྟར་འགྱིང་ངེར་གནས། རྫོང་གནས་ཡུལ་ནས་བརྩིས་ན་དགའ་པ་གཞུང་ལམ་གྱི་གཡོན་ངོས་ནས་བོད་ལྗོངས་རྫ་ཡུལ་རྫོང་སྨན་རྩིས་ཁང་ཞེས་པའི་སྒོ་བྱང་ཁྲ་ལྷམ་མེར་མཐོང་ཐུབ། དེའི་ཕྱོགས་སུ་ཤར་རེར་ཐོན་ན་སྨན་ཁང་གི་རྒྱལ་སྒོའི་འགྲམ་དུ་འབྱོར། ཚ་བ་ལྟ་བ་དང་རྩ་གཉིས་ཨང་རྟགས་བཤེར་བ་སོགས་རིམས་འགོག་གི་བྱེད་ཐབས་ཁག་ཚར་རྗེས། སྨན་ཁང་གི་ཐོག་སོ་གཉིས་པར་སླེབས་པ་དང་གྲུང་ཤ་དོད་ལ་རྣམ་འགྱུར་ལེགས་ཤིང་མིང་ལ་བུ་ཆུང་ཟེར་བའི་སྨན་པ་ཞིག་དང་འཕྲད་ནས་སྨན་ཁང་གི་སྐོར་བཅར་འདྲི་ཞུ་འགོ་བརྩམས།

    བུ་ཆུང་ནི་2021ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་སྨན་ཚན་ཁག་ནས་ཐོན་པ་དང་། གཞུང་ལས་པའི་ཡིག་རྒྱུགས་ལོན་ནས་རྫ་ཡུལ་རྫོང་སྨན་རྩིས་ཁང་དུ་ལས་བགོས་བརྒྱབ་པ་ཞིག་རེད་འདུག ཁོང་གིས། ང་ཚོའི་སྨན་རྩིས་ཁང་ནི་2016ལོའི་ཟླ་2ཚེས་22ཉིན་གསར་དུ་བཙུགས་པ་ཞིག་ཡིན་ལ། སྨན་ཁང་དུ་ད་ཆ་སློབ་ཆེན་ཐོན་པའི་སྨན་པ་7དང་། ཆེད་ལས་སློབ་ཆེན་ནས་ཐོན་པའི་སྨན་པ་1 འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་པའི་སྨན་པ་1བཅས་ཡོད་པའི་ནང་སྨན་རམས་པ་གཞོན་པ་1དང་གཙོ་བཅོས་སྨན་པ་1བཅས་ཡོད་ཅེས་བརྗོད། སྨན་ཁང་གི་གཏར་སྲེག་དང་ལུམས་ཀྱི་སྐོར་ལ་ཁོང་གིས། 2021ལོར་མཚོན་ན་སྨན་ཁང་ནས་ནད་པ་བཞི་སྟོང་མ་ཟིན་ཙམ་ལ་སྨན་བཅོས་བྱས་པའི་ནང་ལུམས་དང་གཏར་སྲེག་གི་སྨན་བཅོས་བྱེད་མཁན་གྱིས་མི་གྲངས་མང་པོ་བཟུང་ཡོད། གང་ཡིན་ཟེར་ན། རྫ་ཡུལ་གྱི་ཡུལ་དེ་རང་དུ་ཡུལ་གཞན་ལ་མེད་པའི་འབྲུ་རིགས་སྣ་ཁ་མང་པོ་ཡོད་པ་མ་ཟད། སྔོ་སྨན་རིགས་ཀྱང་མང་པོ་ཡོད་སྟབས། ལུང་པའི་ལེཌ་ཆར་གཞིགས་ནས། ང་ཚོའི་སྨན་ཁང་གིས་ལོ་ལྟར་ཉོ་སྒྲུབ་གང་འཚམ་བྱས་པ་མ་ཟད། སྨན་ཁང་དེ་རང་ནས་སྨན་རིགས་འཐག་དགོས་ས་འཐག་པ་དང་། གདུ་དགོས་རིགས་གདུ་བ་བཅས་རང་གིས་རང་ལ་རེ་བ་ནན་པོ་བཏོན་ནས་སྨན་རྫས་འདུལ་སྦྱོང་ལག་ལེན་དང་ལས་སྣོན་ཞིབ་ཚགས་བྱས་སྟབས། ཕན་ནུས་ཆེན་པོ་ཐོན་བཞིན་ཡོད་པ་དེ་གར་ཡོང་མྱོང་བའི་ནད་པ་ཚང་མས་ཤེས་ཀྱི་ཡོད་ཅེས་བརྗོད། གཟུགས་སྟོབས་ཆེན་པོ་དེ་ཙམ་མེད་ཅིང་མིག་ཤེལ་བཏགས་པའི་བུ་ཆུང་སྨན་པའི་ལས་ཀར་ཞུགས་ནས་དུས་ཡུན་རིང་པོ་ཕྱིན་མེད་ནའང་། གསར་འགོད་པའི་སྣང་བར་ཁོང་དཔྱད་བཅོས་ཀྱི་ལག་ལེན་དང་ཉམས་མྱོང་བྱང་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། སེམས་རྩ་འཁོལ་པོས་སྨན་ཁང་གི་ངོ་སྤྲོད་བྱེད་ཞོར་དུ། སྤྱིར་ལུམས་ཞེས་པ་ནི་བརླན་པའི་དོན་ཡིན་ཞིང་དེས་རྩ་རྒྱུས་རེངས་འཁུམས་གྱོང་བ་རྣམས་བརླན་དུ་ཕབ་ཅིང་མཉེན་པར་བྱེད་པའི་དོན་ཡིན་ལ། འདིའི་སྨན་ནུས་ཆུ་ལ་ཐིམ་པ་དང་ཆུ་ལ་མེ་ཁམས་རྒྱས་པའི་ནུས་པར་བརྟེན་ནས་ལུས་ཀྱི་ཕྱི་ནས་ནད་རྣམས་དངོས་སུ་ཕྱིར་འབྱིན་པའམ་སྦྱོང་བར་བྱེད་པའི་ཐུན་མོང་མ་ཡིན་པའི་བཅོས་ཐབས་ཤིག་རེད། རྫ་ཡུལ་རྫོང་གི་གནས་ཡུལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2000ལྷག་ཙམ་ཡིན་ལ། ཕྱོགས་གང་སར་གདོད་མའི་ནགས་ཚལ་གྱིས་བཏུམས་ནས་ཡོད་པས། མཁའ་རླུང་གཙང་བ་དང་གསོ་རླུང་འདང་ངེས་ཡོད་པར་བརྟེན། ནད་པར་ལུམས་ལ་བརྟེན་ནས་སྨན་བཅོས་དང་། ཁྲག་གཏར་བ་སོགས་ཀྱི་ཚད་ལྡན་སྨན་བཅོས་བྱས་ན། སྨན་ནུས་ཀྱང་དམིགས་བསལ་ཞིག་ཐོན་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྐབས་བཅུ་གསུམ་པའི་ཚོགས་འདུའི་ཐོག་བོད་ཀྱི་གསོ་བ་རིག་པ(ལུམས་བཅོས) དེ་ཉིད་དངོས་སུ་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ་རེད་ཅེས་གསར་འགོད་པར་བཤད་བྱུང་། ང་ཚོའི་སྨན་ཁང་དུ་རྫ་ཡུལ་རྫོང་ཁོངས་ཙམ་མིན་པར་ཆབ་མདོ་དཔའ་ཤོད་རྫོང་གི་ནད་པ་ཡང་མི་ཉུང་བ་ཞིག་ནད་བསྟེན་པར་ཡོང་གི་ཡོད། འདི་གའི་སྨན་ཁང་དུ་ད་དུང་གསེར་ཁབ་རྒྱག་ས་དང་། ཁྲག་གཏར་ཁང་། ལུམས་རྒྱག་ས། བྱུག་པ་རྒྱག་ཁང་། ནད་སྡོད་ཁང་བཅས་ཀྱི་ཚན་ཁག་ཀྱང་ཡོད། སྐད་ཆ་དེ་དག་མཇུག་རྫོགས་མ་ཐག་ལོ་58ལ་སོན་ཞིང་མིང་ལ་བསོད་ནམས་ཆོས་སྒྲོན་ཟེར་བའི་ནད་པ་ཞིག་སླེབས་བྱུང་། ཁོང་ལོ་ལྔ་དྲུག་གི་གོང་ནས་ཉིན་བཅུ་གྲངས་ཡས་མས་ལ་མགོ་ཐེངས་རེ་ན་ནས་ཉིན་གཅིག་གམ་གཉིས་བར་ཉལ་སར་ལུས་ཀྱི་ཡོད་པའི་ནད་པ་ཞིག་རེད། ནད་པས་ང་རང་རྒྱལ་ནང་གི་སྨན་ཁང་དུ་མགོ་བོར་བརྟག་དཔྱད་བྱེད་པར་འགྲོ་མ་མྱོང་ནའང་། བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ལྷ་སར་ཡོད་པའི་མི་དམངས་སྨན་ཁང་དང་བྲག་ཡིབ་ཀྱི་སྨན་ཁང་ཁག་ཁ་ཤས་ལ་བརྟག་དཔྱད་དང་སྨན་བཅོས་ཐེངས་ཁ་ཤས་བྱས་ནའང་ནད་ངོ་དེ་ཙམ་གསལ་པོ་ཤེས་མ་སོང་། བོད་ལྗོངས་སྨན་རྩིས་ཁང་དུ་མགོ་ལུམས་ཐེངས་གསུམ་བརྒྱབ་མྱོང་ཡོད་ལ་བོད་སྨན་གང་འཚམ་བཏང་མྱོང་། འོན་ཀྱང་ཕན་ནུས་ཧ་ལམ་ཐོན་མ་བྱུང་། གོ་ཐོས་ལ་ང་ཚོའི་རྫོང་སྨན་རྩིས་ཁང་ལའང་མགོ་ན་བར་ཕན་པའི་མགོ་ལུམས་ཤིག་རྒྱག་རྒྱུ་ཡོད་པ་ཤེས་བྱུང་། དེ་འཕྲལ་ན་ནིང་བོད་ཀྱི་ལོ་གསར་མ་བཏང་གོང་དུ་སྨན་ཁང་དེ་གར་མགོ་ལུམས་ཐེངས་གསུམ་བརྒྱབ་པས་ཕན་ནུས་ཡག་པོ་ཐོན་བྱུང་། ད་རེས་ཀྱང་འདི་གར་མགོ་ལུམས་རྒྱག་པར་ཡོང་བ་ཡིན། སྨན་ཁང་དེ་གའི་མགོ་ལུམས་རྒྱག་སྟངས་ནི་འདུལ་སྦྱོང་སྨན་རྫས་ཆུ་ཁོལ་ནང་བླུགས་ཏེ་དྲོད་རྩ་བ་ནས་མ་ཡལ་གོང་ནས་ལུམས་བཅོས་བྱེད་ཀྱི་ཡོད་པས། མཚམས་རེ་ཚ་ནས་བཟོད་མི་ཐུབ་པ་ཡོང་གི་འདུག་ཀྱང་། དེས་ང་ལ་ཕན་པ་ཆེན་པོ་བྱུང་ཞེས་མཐེ་བོང་ཡང་ཡང་བསྒྲེངས་ནས་བཤད། སྨན་ཁང་དེས་བསོད་ནམས་ཆོས་སྒྲོན་དང་འདྲ་བར་ཉམ་ཐག་ནད་པ་གྲངས་ལས་འདས་པའི་ལུས་སེམས་ཀྱི་སྡུག་བསྔལ་སེལ་བར་ཕན་པ་ངེས་ཅན་ཞིག་སྩོལ་བཞིན་ཡོད།

    མ་གཞི་རྫ་ཡུལ་ནི་ཐག་རིང་ལུང་ཁུག་ཅིག་ཡིན་མོད། འོན་ཀྱང་ལུང་ཁུག་ལའང་ལུང་ཁུག་གི་དགེ་མཚན་ཡོད་པས། སྨན་ཁང་དེས་ཀྱང་ལུང་ཁུག་གི་ལེགས་ཆ་གང་ལེགས་སྤྱད་དེ་ནད་ཀྱིས་མནར་བའི་སྐྱེ་བོ་རྣམས་ལ་ཕན་པ་གང་ནུས་ཀྱིས་སྒྲུབ་བཞིན་ཡོད་ལ། རྫོང་ཨུད་དང་། རྫོང་སྲིད་གཞུང་། རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་བོད་ཀྱི་གསོ་བ་རིག་པར་མཐོང་ཆེན་པོ་གནང་བར་བརྟེན། རྫ་ཡུལ་རྫོང་སྨན་རྩིས་ཁང་ཡང་མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་ཆ་རྐྱེན་འཛོམས་པོ་ཡོད་པའི་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་དུས་རབས་གསར་པའི་སྲིད་བཟང་གི་དྲིན་ལས་བྱུང་བ་ཡིན་པར་ཐེ་ཚོམ་ཅི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།