དབུ་ཤོག>བོད་ལུགས་གསོ་རིག
  • དེང་རབས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་གྲུབ་འབྲས་ལས་མི་དམངས་ལ་ཕན་པ་སྔར་བས་མང་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-07

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་ཚེ་རིང་ནི་ཀྲུང་གོ་གསར་པའི་བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གསར་སྤེལ་བ་དང་ལག་ལེན་བ་ཞིག་རེད། ཉི་མ་ཚེ་རིང་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་དང་། པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་བཅས་ཀྱི་འབུམ་རམས་པའི་སློབ་དཔོན། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ་བ། མོང་གོལ་རྒྱལ་ཁབ་ཨ་ཐོག་ཆི་སྨན་རམས་པའི་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་གྱི་མཛུབ་ཁྲིད་དགེ་རྒན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཀྱི“བརྒྱ་སྟོང་ཁྲི”ཤེས་ལྡན་མི་སྣའི་འདུ་འགོད(ཆི་ཧོང་འདུ་འགོད)ཀྱི་ཆི་ཧོང་མཁས་དབང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བོད་ཀྱི་གསོ་བ་རིག་པའི་མཚོན་བྱེད་རྒྱུན་འཛིན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་རིགས་གཅིག་མཁས་ཅན། བོད་ཀྱི་སྨན་པ་གྲགས་ཅན་བཅས་རེད།

    ཉི་མ་ཚེ་རིང་གཞོན་དུས་ནས་དམངས་ཁྲོད་ཀྱི་སྨན་པའི་རྗེས་འབྲངས་ནས་བོད་ཀྱི་གསོ་བ་རིག་པར་སྦྱངས་ཤིང་། ཕྱིས་སུ་བོད་ལྗོངས་གསར་པའི་བོད་ཀྱི་གསོ་བ་རིག་པའི་སློབ་རྒྱུས་སློབ་གསོའི་འཛིན་གྲྭ་ཐོག་མ་སྟེ། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭའི་བོད་ལུགས་གསོ་རིག་འཛིན་གྲྭར་རྒྱུགས་འཕྲོད་དེ་སློབ་སྦྱོང་བྱས། སློབ་གྲྭ་ཐོན་རྗེས་ཁོང་གིས་སྔ་རྗེས་སུ་བོད་ཀྱི་གསོ་བ་རིག་པའི་མཁས་དབང་ཆེ་མོ་དུ་མའི་སྐུ་མདུན་དུ་བཅར་ནས་སློབ་སྦྱོང་གནང་མཐར། “རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ”ཁག་དང་པོའི་དགེ་ཕྲུག་ཐོན་པའི་ལག་ཁྱེར་རག

    སྨན་པའི་ལས་ཀར་ཞུགས་ནས་ལོ་50སོང་རིང་། བོད་ཀྱི་གསོ་བ་རིག་པའི་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ཉི་མ་ཚེ་རིང་གིས་དུས་ཡུན་རིང་པོར་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་འཐབ་ས་དང་པོར་འབད་འཐབ་བྱས་ཤིང་། ཁོང་གི་སྐུལ་ཁྲིད་འོག བོད་ཀྱི་གསོ་བ་རིག་པ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་རིག་ཚན་དུ་མར་གྱེས་པ་སྟེ། རྒྱལ་ཁབ་ཀྱི་ཁྱད་ལྡན་ཆེད་ལས་2དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་རིག་ཚན་8སྔ་རྗེས་སུ་སྐྱེད་སྲིང་བྱས་པ་དང་། ཚན་རྩལ་པུའུ་དང་། སློབ་གསོ་པུའུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་བཅས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་རིམ་གསུམ་ཚོད་ལྟ་ཁང་དང་དེ་བཞིན་ཀྲུང་ལུགས་གསོ་རིག་གི་མཆོག་རམས་པའི་ཚན་ཞིབ་སྐོར་སྐྱོད་ས་ཚིགས་དང་། བོད་ལུགས་གསོ་བ་རིག་པའི་ཞིང་ཆེན་དང་པུའི་མཉམ་སྐྲུན་རོགས་ལས་གསར་གཏོད་ལྟེ་གནས་བཅས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ། བོད་ལུགས་གསོ་བ་རིག་པའི་འབུམ་རམས་པ་14(རྒྱལ་ཡོངས་ཀྱི་སྐབས་དང་པོའི་བོད་ལུགས་གསོ་བ་རིག་པའི་འབུམ་རམས་པ་2ཚུད་པ)དང་། བོད་ལུགས་གསོ་བ་རིག་པའི་རབ་འབྱམས་པ་36(རྒྱལ་ཡོངས་ཀྱི་སྐབས་དང་པོའི་བོད་ལུགས་གསོ་བ་རིག་པའི་རབ་འབྱམས་པ་4ཚུད་པ) བོད་ལུགས་གསོ་བ་རིག་པའི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་3000ལྷག་བཅས་གསོ་སྐྱོང་གནང་བ་རེད།

    “ད་ཆ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཁག་ཏུ་སྨན་རྩིས་ཁང་བཙུགས་ནས་ས་ཁུལ་དང་གྲོང་ཁྱེར་ཚང་མར་བོད་ཀྱི་གསོ་བ་རིག་པ་ཁྱབ་ཡོད། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག མི་རྒྱུ་དངོས་གསུམ་གང་གི་ཐད་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། བོད་ཀྱི་གསོ་རིག་སློབ་ཁྲིད་ཀྱི་བསླབ་གཞི་དང་། སྒྲིག་ཆས། རྟེན་གཞི་བཅས་ཧ་ཅང་ལེགས་སུ་ཕྱིན་ནས། རྒྱལ་ཁབ་རིམ་པའི་ཚོད་ལྟའི་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་ཚན་ཡང་ཡོད། ད་ཆ་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་པས་དགེ་རྒན་དང་བསླབ་གཞི་ཁོ་ན་མ་ཡིན་པར་ད་དུང་བརྒྱུད་ལམ་སྣེ་མང་དང་། ལད་མོའི་སློབ་ཁྲིད། དེང་རབས་གཞོགས་འདེགས་ཡོ་བྱད་བཅས་ཀྱང་ཡོད་པས། སྔོན་ཆད་ཀྱི་ནད་གཞི་ངོས་འཛིན་བྱེད་ཐབས་ཆེན་པོ་གསུམ་གྱི་རྨང་གཞིའི་ཐོག་དེ་འཚམ་གྱི་དེང་རབས་ཅན་གྱི་སྒྲིག་ཆས་སྤྱད་དེ་ཕན་ཚུན་གཞོགས་འདེགས་བྱས་པས་ནད་གཞི་ངོས་འཛིན་དེ་བས་གནད་དུ་འཁེལ་པོ་ཡོང་གི་ཡོད། ད་ཆ། ང་ཚོའི་ལས་འགན་ནི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་པ་ཁོ་ན་ཙམ་མ་ཡིན་པར་སློབ་གསོའི་ཐབས་ལམ་གསར་གཏོད་དང་སྒྱུར་བཅོས་བྱས་ནས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། དེང་རབས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་གྲུབ་འབྲས་ལས་མི་དམངས་ལ་ཕན་པ་སྔར་བས་མང་བ་ཐོབ་པར་བྱ་རྒྱུ་དེ་ཡིན”ཞེས་ཉི་མ་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།