དབུ་ཤོག>བོད་ལུགས་གསོ་རིག
  • གཟའ་ནད་ཀྱི་བརྟག་ཐབས་དང་བཅོས་ཐབས་སྐོར་རགས་ཙམ་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མིག་དམར་རྒྱལ་མཚན།   |     སྤེལ་དུས།  2021-01-12

    དེ་ཡང་འདིར་གཟའ་ནད་དམ་གྲིབ་སྐྱོན་ནད(བརྒྱལ་གཟེར་ཡང་ཟེར)ཀྱི་བརྟག་ཐབས་དང་། སྨན་གྱིས་ཇི་ལྟར་བཅོས་དགོས་མིན། སྨན་པས་རྒྱུན་དུ་ཕྱག་ལེན་གནང་སྟངས། བཤེས་གཉེན་དམ་པའི་མན་ངག དེའི་ཐོག་རང་གིས་ཅུང་ཟད་རྟོག་ཞིབ་བྱས་པའི་ཉམས་མྱོང་རྣམས་ཞུས་ན། 1. རྐྱེན་དང་། 2. འཛིན་དུས། 3. དབྱེ་བ། 4. བརྟག་ཐབས། 5.བཅོས་ཚུལ། 6. ལོག་གནོན། 7.རྗེས་བཅད་བཅས་བདུན་ནོ།

    དང་པོ། རྐྱེན་ནི། རྒྱུད་གཞུང་དུ་བཅོས་ཐབས་ཐུན་མོང་བ་ཙམ་ཞིག་ལས་བསྟན་མེད་ཀྱང་། བཀའ་དྲིན་གཞལ་ཐབས་བྲལ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་ནས་ལག་ལེན་དམར་ཁྲིད་ཐོབ་པའི་མྱོང་ཚོར་གྱི་སྐོར་རྣམས་ཕན་གནོད་ཟས་སྤྱོད་ཀྱི་རིགས་འགྲེ་སྦྱར་ནས་ཞུས་ན། དྲི་ཡི་སྒོ་ནས་ག་པུར་དང་། གླ་རྩི། ཙན་དན་དཀར་པོ་སོགས་ཧ་ཅང་བསིལ་བའི་དྲི་བསུང་རིགས་དང་། ཟས་ཀྱི་སྒོ་ནས་ར་ཤ་དང་། ཕག་ཤ སྒོ་ང་། ཉ་ཤ ནང་ཁྲོལ། སྒོག་ཙོང་། ཇ་རག་པའམ་ཇ་ཧར་འདོན། རི་དྭགས་ཀྱི་ཤ་སོགས་བསིལ་ཟས་རིགས་དང་། དྲི་དུགས་ཤིང་གྲིབ་ཆེ་བའི་ཟས་རིགས། ཡུལ་གྱི་སྒོ་ནས་ཉི་མ་འཆར་ནུབ་ཀྱི་འོད་ཟེར་དང་། ཆུ་ཤེལ་གྱི་འོད་ཆེན་པོའི་རིགས་རྣམས་ཕོག་དྲགས་པ། སྒྲ་ཡི་སྒོ་ནས་སྐད་ཅོར་དྲག་པོ་སྟེ། དཔེར་ན་རོལ་དབྱངས་སོགས་ཀྱི་སྒྲ་ཧ་ཅང་ཆེ་བ་ཉན་དྲགས་པ། འབྱུང་བ་སོགས་ཀྱི་སྒྲ་དྲག་པོ་ཐོས་པ། སྤྱོད་ལམ་གྱི་སྒོ་ནས་ལུས་སེམས་ངལ་ཞིང་དུབ་ཆེ་དྲགས་པ། མེ་ཉིར་བསྲོས་དྲགས་པ། ལུས་ལ་བརྡབས་འགྲམས་བྱུང་བ། ཁ་ཆར་བུ་ཡུག་གིས་ལུས་ཁམས་འཁྱགས་དྲགས་པ། སྡུག་བསྔལ་དང་མྱ་ངན་སོཌ་སེམས་ནད་ཆེ་བ་བྱུང་བ་སོགས་མདོར་ན་ཁྲག་རླུང་འཁྲུགས་པའི་ཟས་སྤྱོད་ཀྱིས་ཕོག་པར་མངོན་ནོ།

    གཉིས་པ། འཛིན་དུས་སམ་ཕོག་སྟངས་ནི། མན་རྒྱུད་གཟའ་ནད་གསོ་བའི་ལེའུ་ལས། འཛིན་དུས་ཚེས་བཞི་བརྒྱད་དང་བཅུ་གཅིག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས་དང་ལྔ།། ཉི་ཤུ་དགུ་དང་རྒྱུ་དུས་བརྒྱད་ལ་འཛིན།། མེ་གཟའ་གཡས་ལ་ཆུ་གཟའ་གཡོན་དུ་ཕོག། རླུང་གཟའ་མགོར་ཕོག་ས་གཟའ་སྨད་དུ་ཕོག། ནམ་མཁའི་གཟའ་ནི་སྣར་ཕོག་སྣ་ཁྲག་འབྱུང་། ཞེས་གསུངས་པ་ལྟར་ཡིན་ལ། དེའི་གནས་ལུགས་གདམས་ངག་བཀའ་མ་ལས་གསུངས་པ་རྣམས་མདོར་བསྡུས་ན་བཤད་རྒྱུད་ལས། མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ།། གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས།། གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ།། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། ཞེས་པའི་དང་པོ་དེ་བེེ་སྔོན་དུ་གསལ་བར་བསྟན་པའི་བླ་གནས་འཕོ་ཚུལ་གྱི་རྩ་དེ་ལ་འབྱུང་བའི་དྭངས་མ་འཕོ་ཡི་ཡོད་པ་དེ་རྩ་གསུམ་འདུས་མདོར་སླེབས་མཚམས་ལུས་ཀྱི་འབྱུང་བའི་བྱེད་ལས་ཆ་སྙོམས་པར་གནས་པའི་ཚེ་ན་ནད་དུ་གྱུར་ཕྱིར་གཟའ་ནད་ཀྱང་འབྱུང་བ་ཡིན་པར་བཤད་ཅིང་། དེ་ཡང་དྭངས་མའི་ནུས་པ་རྩ་ལ་ཞེན་ནས་འཕོ་བ་ཙམ་མ་གཏོགས་དྭངས་མ་གཟུགས་ཅན་པ་འདི་གཅིག་ནས་གཅིག་ཏུ་འཕོ་བ་མ་ཡིན་ཞིང་། འབྱུང་ཁམས་དྭངས་མའི་རྩ་དེ་རྣམས་རང་རང་གི་རྩ་གནས་དེ་དང་དེར་ལོངས་སྤྱོད་ཚུལ་གྱིས་སྔ་མས་མགོ་བརྩམས་པའི་ཚུལ་གྱིས་ནུས་པ་འབྱིན་པ་དང་། ཕྱི་མས་མཇུག་བསྡུ་བའི་(མན་རྒྱུད་གཟའ་ནད་ལེའུ། ཤ 390) (བཤད་རྒྱུད་ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ། ཤ 13)ཚུལ་གྱིས་གསལ་བར་བྱེད་པ་བསྟན་ཡོད། ནད་ཐོག་ཏུ་གོང་བཤད་བརྒྱད་པོ་རྣམས་ཉིན་དེ་རང་ལ་སྟེང་གྲིབ་ཕོག་པ་མང་ཞིང་། ཕལ་ཆེར་གནམ་སྟོང་ལ་ཕོག་གི་ཡོད་པ་མཐོང་ཞིང་། དེ་མིན་ཚེས་གྲང་གཞན་ལ་ཕོག་པ་མེད་དོ། ནད་འདི་ལོ་གཅིག་ལ་ཐེངས་འགའ་ཤས་ལས་མི་ཕོག་ཅིང་། ཅུང་སྡུག་ན་ཟླ་རེར་ཐེངས་གཅིག་ཕོག་གི་ཡོད་པ་དང་། དེ་ལས་སྡུག་ཏུ་སོང་ན་ཟླ་རེར་ཐེངས་གསུམ་ཙམ་ཕོག་གི་ཡོད་ལ། དེ་ལས་ཀྱང་ཚབས་ཆེ་ན་ཉིན་རེ་བཞིན་ཕོག་པ་ཡིན་ནོ།། འདི་ནི་ཡུལ་དང་བྱ་བ་གཉིས་ཀ་རྩ་ལ་སྦྱར་ཏེ་འཆད་པ་ཞིག་ཡིན་ལ། རྒྱུད་དང་མི་འགལ་ཞིང་ཚན་རིག་དང་ཡང་མཐུན་ཤས་ཆེ་བར་སྣང་པས་འཐད་པར་མངོན་ནོ།

    གསུམ་པ། དབྱེ་བ་ལ། འབྱུང་ལྔས་གྲུབ་པའི་ལུས་རྟེན་རྣམ་པར་གྱུར་ན་མེ་གཟའ་དང་། ཆུ་གཟའ། རླུང་གཟའ། ས་གཟའ། ནམ་མཁའི་གཟའ་ནད་བཅས་ལྔའོ།

    བཞི་པ། རྟགས་ནི། སྤྱིར་རྒྱུད་ནས་གསུངས་པ་ལྟར་ལུས་ཀྱི་གཡས་གཡོན་གང་ཕོག་གི་ནུས་པ་ཉམས་ཤིང་། མགོ་ཡུ་འཁོར་བ། རྐང་ལག་དྲུད་པའམ་འཐེན་པ། མིག་རྩ་གྲུང་བ། ཁ་ལྐུགས་ལ་ཡོ་བ། སྐེ་རྩ་སྤྲུགས་པ། ངུ་བའམ་ཡང་ན་དགོད་པར་བྱེད་ཅིང་ད་དུང་ཡན་ལག་རེངས་པ། ལུས་ནང་དུ་གུག་པའམ་ཕྱིར་དགྱེ་བ། ཁ་ནས་ལྦུ་བ་ཐོན་པ། སྨྲ་བརྗོད་དཀའ་བ། ལྕེ་འགུལ་དཀའ་ཞིང་། སྨྲ་བ་རྡབ་རྡིབ་བྱེད་པ། ལྕེ་འོག་གི་རྩ་ར་མ་ལུག་གཉིས་རྒྱས་པ། མིག་རྩ་རྣམས་རྒྱུ་མ་ཕུག་པ་དང་འདྲ་བར་དམར་པོར་གྱུར་པ། རྩ་རྒྱུད་ཕྲ་ལ་མགྱོགས་པ། འགའ་རེས་བཤང་གཅི་མི་ཚོར་བར་ཤོར་བ་བཅས་འབྱུང་། གཞན་ཡང་ཁྱད་པར་གྱི་བརྟག་ཐབས་དང་། སྤང་བླང་གྱི་བརྟག་ཐབས་རྣམས་རྒྱུད་དང་གཞུང་གཞན་ནས་ཞིབ་ཚགས་པོར་བསྟན་ཡོད་མེད་ནད་ཐོག་ཏུ་མཐོང་དཀའ་ཞིང་བརྟག་པ་ཡང་བྱ་དཀའ་བར་སྣང་ངོ་།

    ལྔ་པ། བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ནད་ཕོག་མ་ཐག་ནད་པའི་ལུས་ཤ་ལ་གཞན་གྱིས་མ་རེག་པ་དང་། གཟའ་ནད་ཡིན་པ་ནད་པས་མ་ཚོར་ན་འཚོ་སླ་བར་བཤད། གཟའ་ནད་ཡིན་མིན་གྱི་སད་མདར་སྨན་གུ་གུལ་དཀར་པོ་མཐེབ་ཚིགས་ཙམ་དང་། ཤིང་མངར་དང་སྤང་རྒྱན་ཆ་མཉམ་ཐུན་གཅིག་ཙམ་ཁོང་དུ་བཏང་ན་དྲན་གསོས་ཐུབ་ཅིང་། གཞན་ཡང་སྣ་ལ་ཡང་རླུང་བླུད་པ། རླུང་བདུག་བདུག་པ། ཡན་ལག་དང་རླུང་གསང་རྣམས་འཕུར་བ་དང་རྩ་བྱུག་སོགས་ཀྱི་བྱུག་པ་བྱ་རྒྱུ། རླུང་གསང་དུ་ཧོར་མེ་བརྒྱབ་པ་སོགས་བྱ་དགོས་ལ། དྲན་པ་སླར་གསོས་ཤིང་ན་ཟུག་འཇགས་རྗེས་གོང་བཤད་ཀྱི་གནོད་ཟས་རིགས་རྣམས་སྤང་དགོས། སྤྱོད་ལམ་ཡང་གོང་བཤད་ལྟར་ལ། སྨན་ནི། བྱང་ཆོས་སོ་བདུན། བླ་མེད། ཨ་གར་ཉི་ཤུ། བསམ་འཕེལ་ནོར་བུ། བྱུ་དམར་ཉེར་ལྔ། མུ་ཏིག་ཉེར་ལྔ། རཏྣ་བསམ་འཕེལ་སོགས་གང་ལ་གང་འཚམས་བསྟེན་དགོས། ལྷག་པར་དུ་གཟའ་ནད་ཕོག་པའི་ཚེ་སྔོན་དུ་རཏྣ་བསམ་འཕེལ་བཏང་ཐུབ་ན་སྔོན་འགོག་བྱེད་པར་ཡང་ཕན་ཐོགས་ཆེན་པོ་ཡོད་པར་གསུངས། དཔྱད་དུ་སྤྱི་གཙུག་དང་མཚོག་གསང་། སྡུད་སྒོ། ཨན་སྟོང་ཚིགས་པ་དང་པོ་སོགས་མེས་བསྲེགས་ལ། ཡན་ལག་གི་མེ་དམིགས་ནི་རྒྱུད་ཀྱི་རྩ་དཀར་གསོ་བའི་ལེའུ་རུ་གསུངས་པ་ལྟར་བྱ། སྨན་གྱིས་མ་ཕན་པ་ཕལ་ཆེར་གསེར་མེས་གསོ་ཐུབ་པའང་མང་པོ་ཡོད། བྱེ་བྲག་ཏུ་ངག་ལྐུགས་ན་སྣུམ་ནག་སྲང་དོའི་ནང་སྒོ་ང་བླུགས་ནས་བསྐོལ་ཏེ་བཏུང་ན་ངག་བྱེ་ཞིང་། དེས་ཀྱང་མ་ཕན་ན་སྨན་སྤང་རྒྱན་བཅུ་པ་དང་། དབྱངས་ཅན་རིལ་བུ་བསྟེན་དགོས་ལ། སྐེ་སྟོང་ཙ་ར་ཁུང་དུ་སྤྲ་མེས་བཏབ་ན་ཕན་ཆེ། རྣ་བ་འོན་བྱུང་ན་རྨ་བྱའི་སྒྲོ་མདངས་བཙོས་ཁུ་རྣ་བར་བླུག་པ་དང་། རྣ་མདུན་ཟ་འགྲམ་གྱི་རུས་འབུར་ཐོག་ཏུ་སྦྲ་མེས་གདབ་དགོས། གཞན་ཡང་ཡན་ལག་རེངས་པ་དང་དགྱེ་སྒུར་དཀའ་བ་སོགས་ལ་སྤྲ་མེ་དང་ཏེལ་པ་ཀྲུང་ལུགས་ཀྱི་སྐམ་ཁབ་རྒྱག་པ། གློག་བསྲོ་བ་སོགས་བསྟེན་དགོས། ད་དུང་སྲོལ་རྒྱུན་གྱི་བཅོས་ཐབས་ཁག་གཅིག་སྤྱད་ནའང་ཤིན་ཏུ་ཕན་པ་མྱོང་གྲུབ་ཡིན། གཞན་ཡང་རྩ་ལ་བབས་པ་སྟེ་ཡན་ལག་རེངས་འཁུམས་བྱས་ན་རིན་ཆེན་མུ་ཏིག་ཉེར་ལྔ་དང་། བྱང་ཆོས་སོ་བདུན་ཟབ་ཅིང་། སྙིང་ལ་བབས་ན་ཨ་གར་བརྒྱད་པ་དང་། སྲོག་འཛིན་བཅུ་གཅིག། གློ་བར་བབས་ན་སྤང་རྒྱན་བཅོ་ལྔ། མཆིན་པར་མན་ངག་བསིལ་སྦྱོར་དང་། ཟླ་ཤེལ་བདུད་རྩི་མ། མཆེར་པར་བབས་ན་ཨ་རུ་བདུན་པ་དང་། ཀོ་ལ་བཅུ་གཅིག་དང་ཀོ་ལ་བཅུ་དགུ། མཁལ་མར་བབས་ན་ཨ་རུ་བཅུ་པ་དང་བཅོ་བརྒྱད། ཕོ་བར་བབས་ན་སེ་འབྲུ་དྭངས་གནས་དང་། རུ་རྟ་དྲུག་པ། རྒྱུ་མར་བབས་ན་མཁྲིས་ཕྱེ་བདུན་པ་དང་། ད་ཏྲིག་ལ་སོགས་དངོས་གཞིའི་སྨན་དང་ལྟག་སྤྲོད་ཀྱིས་བཏང་བའི་ལག་ལེན་ཡོད་ཅིང་ཕན་ཐོགས་ཆེན་པོ་འདུག

    དྲུག་པ། ལོག་གནོན་ནི། ནད་སླར་མི་ལྡོག་པའི་སྨན་དཔྱད་ཡིན་ཏེ། སྨན་རཏྣ་བསམ་འཕེལ་དང་། གསེར་མེ་གདབ་པ། ནད་དམིགས་ཀྱི་སྟེང་དུ་སྤྲ་མེ་འདེབས་པ་སོགས་བྱས་ན་ཕན་པ་ཆེན་པོ་འདུག

    བདུན་པ། རྗེས་བཅད་བྱ་བ་ནི། གཙོ་བོ་ཟས་སྤྱོད་ཀྱི་སྒོ་ནས་གཟབ་དགོས། ཁ་ཟས་སུ་ཆང་དང་། མར་རྙིང་། ཤ་རྙིང་། ཇ་གར་པོ་དང་རྙིང་པའི་ཟས་རིགས་རྣམས་སྤང་ཞིང་། སྦྲང་རྩི་དང་། མར་གསར། ཞོ། དར་བ་སོགས་སྒོག་ཙོང་མ་འདྲེས་པའི་དཀར་ཟས་རིགས་བསྟེན་དགོས། དེང་དུས་ཀྱི་ཟས་རིགས་དཔེར་ན་བཏུང་བྱའི་རིགས་སྣ་ཚོགས་དང་། གཞན་ཡང་མི་གཙང་བའི་གྲིབ་རིགས་ཡོད་སར་འགྲོ་མི་རུང་། བསྲེག་ཟས་སྣ་ཚོགས། ནང་ཁྲོལ། རྒྱ་ཁོག་སོགས་འཛེམས་དགོས། སྤྱོད་ལམ་མེ་དང་ཉི་མར་ཆེར་མི་བསྲོ་ཞིང། ཐབ་གཞོབ་སོགས་དྲི་ངན་པ་དང་། ཉི་མ་འཆར་ནུབ་ཀྱི་འོད་ཟེར། ཆུ་ཤེལ་དང་ཡོ་བྱད་སོགས་ཀྱི་འོད་ཆེན་པོ། སྐད་ཅོར་དྲག་པོ། རོལ་མོ་སོགས་ཀྱི་སྒྲ་དྲག་པོ་སྤངས་ནས། ཡིད་དང་མཐུན་པའི་གྲོགས་སོགས་ཀྱིས་ངག་ཚིག་འཇམ་པོས་སྙན་པར་སྨྲ་ཞིང་། སེམས་སྤྲོ་བར་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེ། མི་ངོ་མི་ཤེས་ཐུག་འཕྲད་མི་འཇུག་པ་སོགས་བྱ་དགོས་སོ།དེ་ལྟར་གཟའ་ནད་བཅོས་ཚུལ་ཉུང་ངུར་འགོད་པ་འདི་ནི་རང་ཉིད་ཀྱི་སློབ་དཔོན་དམ་པ་རྣམས་དང་། སློབ་གྲྭའི་ནང་ནས་ཀྱང་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་ཞལ་རྒྱུན་དྲི་མ་མེད་པ་སློབ་ཁྲིད་ཞུས་ནས་དཀའ་གནད་དང་ཚིག་དོན་ཁག་གཅིག་ཟིན་བྲིས་སུ་བཀོད་པ་ཡིན་པས། གོང་འོག་འགལ་བ་དང་། ཚིག་དོན་ནོར་འཁྲུལ། གོ་བ་ལོག་གྲུབ་སོགས་དོན་དང་མི་འཚམ་པའི་ནོར་འཁྲུལ་མཆིས་ན་གཟུར་གནས་མཁས་དབང་རྣམས་ནས་སྐྱོན་སེལ་བཀའ་སློབ་གནང་རོགས་ཞུ།  (རྩོམ་པ་པོ་སྣ་དཀར་རྩེ་རྫོང་སྨན་རྩིས་ཁང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།