དབུ་ཤོག>བོད་ལུགས་གསོ་རིག
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།སྨན་རྩྭ་འཚོལ་བསྡུ་དང་སྨན་རྩྭ་ངོས་འཛིན་བྱེད་སྒོ་སྐབས་དྲུག་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-03

    བོད་ཀྱི་གསོ་བ་རིག་པའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས། གསོ་བ་རིག་པའི་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་ཆེད། ཁྲེང་ཀོན་ཆུས་ཀྱི་སྐབས་དྲུག་པའི་དབྱར་དུས་སྨན་རྩྭ་འཚོལ་བསྡུ་དང་སྨན་རྩྭ་ངོས་འཛིན་གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་དེ་དུས་འགོའི་ཉིན་6ཙམ་གྱི་སྨན་རྩྭ་འཚོལ་བསྡུ་དང་། སྨན་རྩྭ་ངོས་འཛིན། ཡིག་རྒྱུགས་དཔྱད་ཞིབ་བཅས་དང་དེ་བཞིན་ས་གནས་ས་ཐོག་ཏུ་རྩོད་ལན་བཏབ་རྗེས་བདེ་བླག་ངང་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་བོད་སྨན་གྱི་སྨན་རྩྭ་འཚོལ་བསྡུ་དང་སྨན་རྩྭ་ངོས་འཛིན་གྱི་བྱེད་སྒོར་བོད་སྨན་གྱི་སྨན་རྩྭ་རྩ་ཆེན་120ལྷག་ཙམ་དབྱེ་འབྱེད་བྱས་ཡོད།

    བོད་ཀྱི་གསོ་བ་རིག་པར་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ལ་མཐོང་ཆེན་བྱེད་ཀྱི་ཡོད། སྨན་གཞུང་ཤེས་པ་ཕུད། བོད་སྨན་ངོས་འཛིན་དང་འཚོལ་བསྡུ་བྱེད་རྒྱུ་ནི་སྔར་ནས་བཟུང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་རེད། “དུས་གོང་གི་སྨན་རྩྭ་འཚོལ་བསྡུའི་ནང་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་སྨན་བཅོས་སྒྲིག་གཞི་15ཡི་བོད་ལུགས་གསོ་རིག་གི་སྨན་དོན་མི་སྣ་29ཀོང་པོ་རྒྱ་མདའ་དང་། ཀླུ་ནང་རོང་། སྨན་གླིང་སོགས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་སྨན་རྩྭ་འཚོལ་བསྡུ་བྱས་པ་དང་འབྲེལ། ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་འོག་སྨན་རྩྭར་ངོས་འཛིན་བྱས་པ་རེད། དེའི་དམིགས་ཡུལ་ནི་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་བོད་ལུགས་གསོ་རིག་སྨན་དོན་མི་སྣའི་ལག་རྩལ་དང་ཕྱོགས་བསྡུས་ནུས་པ་སྔར་བས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད་རེད”ཅེས་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་བསྟན་འཛིན་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྨན་རྩྭ་འཚོལ་བསྡུ་དང་སྨན་རྩྭ་ངོས་འཛིན་བྱེད་སྒོ་དེ་སྔོན་དང་མི་འདྲ་བར། ད་ཐེངས་ཀྱི་བྱེད་སྒོར་སློབ་མ་རྣམས་རྒྱུགས་ལེན་དཔྱད་ཞིབ་མི་འདྲ་བ་གསུམ(སྨན་རྩྭར་ངོས་འཛིན་དང་། བོད་སྨན་གཞུང་ལུགས། རྩོད་ལན་འདེབས་པ)ནང་ཞུགས་དགོས་པ་དང་། དེའི་ནང་བོད་སྨན་སྨན་ལུགས་ཆ་ཤས་ཀྱི་རྒྱུགས་ལེན་གྱིས་སློབ་མ་རྣམས་ཕྱི་རོལ་ཏུ་སྨན་རྩྭ་འཚོལ་བསྡུ་དང་ངོས་འཛིན་གྱི་ལག་ལེན་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་ཤེས་བྱའི་ངོས་འཛིན་སྔར་བས་ཇེ་མཐོར་སོང་བ་མ་ཟད། བོད་ཀྱི་གསོ་བ་རིག་པར་དམིགས་བསལ་དུ་ཡོད་པའི་གཞུང་ལུགས་དང་ལག་ལེན་གྱི་བླང་བྱར་བརྩི་སྲུང་ཞུས་ནས། དུས་ཐོག་དང་ས་གནས་ས་ཐོག་ཏུ་འཚོལ་བསྡུ་བྱེད་པ་དང་ཚད་ལྡན་གྱི་སྒོ་ནས་སྨན་འདུལ་བ་དང་ལས་སྣོན་བྱས་ཏེ། ནད་ཐོག་སྨན་བཅོས་ལུགས་མཐུན་ངང་སྨན་སྤྱོད་ཤེས་པའི་ཁར། སྨན་དོན་མི་སྣས་སླད་ཕྱིན་ལས་གནས་ཐོག་བོད་སྨན་རིག་པའི་ཞབས་ཞུ་སྔར་བས་ཡག་པོ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཀྱི་གསོ་བ་རིག་པ་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།