དབུ་ཤོག>བོད་ལུགས་གསོ་རིག
  • ​མུ་ཏིག་བདུན་ཅུའམ་རཏྣ་བསམ་འཕེལ་ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།  ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2020-03-26

    0011.jpg

    རིན་ཆེན་རཏྣ་བསམ་འཕེལ་མུ་ཏིག་བདུན་ཅུ་ཁྱད་འཕགས་འདི།།སྨན་རྟ་གར་ཆང་ཆུ་སྐོལ་ནད་བབས་བསྟུན།།འཐུང་སྣོད་དཀར་ཡོལ་ཁེབས་ལྡན་གཙང་མའི་ནང་།།རིལ་བུ་ནུབ་གཅིག་བསྙལ་ནས་ཐོ་རེངས་དུས།།ལྕགས་ཐུར་གྱིས་བསྣུར་བཏང་རྗེས་གཟུགས་ཁམས་ལ།།དྲོད་བཅོས་གཟབ་ནན་བྱས་པའི་ཕན་ཡོན་ནི།།སྦྱར་དུག་གྱུར་དུག་རྫས་དུག་རླངས་དུག་དང་།།རེག་པ་ཉི་ཟེར་སོགས་ཀྱི་དུག་རིགས་འཇོམས།།ཁྱད་པར་རྩ་དཀར་ཞེས་པའི་ཆུ་རྩ་དེ།།ལུས་ཀུན་ཁྱབ་པའི་ནད་ཀྱིས་ཞ་རེངས་དང་།།གྲུམ་དང་སྐམ་པ་ལ་སོགས་རྩ་དཀར་ནད།།རྩ་ནག་ནད་ཀྱིས་ཡན་ལག་སྐྲངས་འབུར་གཟེར།།གྲིབ་སྐྱོན་མཛེ་རིགས་དཀར་ནག་ཁྲ་གསུམ་དང་།།བརྒྱལ་གཟེར་སྨྱོ་འབོག་སྙིང་ནད་ཁྲག་རླུང་སོགས།།ལུས་ཀྱི་སྟོད་སྨད་གཟེར་འཁྲུག་འཕོ་ལེན་བྱེད།།ཡང་ན་རླུང་ཁྲག་འཐབ་དང་གློ་བུར་དུ།།དྲན་མེད་བརྒྱལ་ཞིང་སྲོག་འཛིན་རླུང་ཉམས་པས།།སྐྱུགས་ལྡང་བྱེད་ཅིང་ཁ་ལྐུགས་བཤང་གཅིན་འཆོར།།མིག་སོགས་འབྱེད་འཛུམ་དཀའ་ལ་ལྕེ་གཡས་ཐུང་།།ཡང་ན་ལྕེ་གཡོན་ཐུང་ཞིང་ཁ་ཆུ་འཛག  །ཁ་མིག་གཞོགས་ཕྱེད་ཡོ་ཞིང་བྱ་བ་ཉམས།།ཟ་ཟི་བྱེད་ཅིང་ཤེས་པ་འཁྲུལབ་སེལ།།གཞན་ཡང་བརྡབས་འགྲམས་སོགས་ཀྱིས་རྐྱེན་བྱས་ཏེ།།ནད་གཞན་རྩ་བྱེར་ཚབས་ཆེའི་རྩ་དཀར་ནད།།རེངས་འཁུམས་འདར་དང་ཞ་རེངས་བྱ་བ་ཉམས།།ཡན་ལག་དྲོད་ཤོར་རིམ་བཞིན་ཤ་རྣམས་སྐམ།།གསོ་དཀའི་རྩ་དཀར་རྩ་ནག་བཅས་ལ་ཕན།།རིན་ཆེན་བསྟེན་སྐབས་སྔོ་ངན་རུལ་སྐྱུར་དང་།།རྗེས་ཟས་ལ་སོགས་ལུས་འཁྱགས་ལུས་འཁྲུགས་རིགས།།ཉིན་ཞག་ལྔ་བདུན་ཙམ་རིང་སྤང་བར་བྱ།།རིལ་བུ་ཉར་ཚགས་བྱེད་དུས་དཀར་ཆ་དང་།།རླུང་དང་བརླན་གཤེར་མ་ཕོག་གལ་ཆེའོ།། ༼ སྨན་བསྡུས་ཝཾ ༽གྱི་ཤོག་གྲངས་530ནང་གསལ།

    སྦྱོར་ཚད།   མུ་ཏིག   བཙོ་ཐལ།   གཟི་སྣ་ཚོགས།  གྷི་ཝང་།  བྱུ་རུ་སོགས་སྨན་སྣེ་གྲངས་བདུན་ཅུ་ལས་སྣོན་ཚུལ་བཞིན་བྱས་ཏེ་གྲུབ།

    གཙོ་བཅོས།  རྩ་དཀར་ཀྱི་ནད་དང་།  གྲིབ་སྐྱོན།  བརྒྱལ་གཟེར།   སྨྱོ་འབོག   ཁྲག་མཐོ།   སྙིང་ནད་སྣ་ཚོགས།   རེངས་ཁུམས།   རྩའི་བྱ་བ་ཉམས་པ་སོགས་ལ་ཕན།  

    བེད་སྤྱོད།   རིལ་བུ་རེ་ཆང་ངམ་ཆུ་འཁོལ་མར་ནུབ་གཅིག་སྦངས་ཏེ་ཐོ་རེངས་ལྟོ་སྟོང་ལ་གཏོང་རྒྱུ།  

    ཡིད་གཟབ།   སྨན་གཏོང་དུས་སྔོ་ངད་དང་རུལ་སྲུངས།   རྗེན་ཟས།   ཉ་ཕག་སྒོང་སོགས་དང་།   འཁྱག་འཁྲུགས།  ཆགས་སྤྱོད་སོགས་ཉིན་བདུན་འཛེམ་དགོས།   

    ཉར་ཚགས།   སྨན་སྣོད་ཀྱི་ཁ་དམ་པོར་རྒྱབ་ནས་སྐམ་ཞིང་བསིལ་སར་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།