དབུ་ཤོག>བོད་ལུགས་གསོ་རིག
  • སྨན་རྩིས་ཁང་ནས་ཏོག་གསར་གློ་ཚད་ཐད་ཀྱི་ཆེད་དེབ་1དཔེ་སྐྲུན་བྱས་འདུག

  • ཡོང་ཁུངས།  གཡུ་ཐོག་གླེང་སྟེགས།   |     སྤེལ་དུས།  2020-03-05

    1.jpg

    གངས་ལྗོངས་སྨན་རྩིས་དུས་དེབ་རྩོམ་སྒྲིག་ཁང་ནས་ཏོག་གསར་གློ་ཚད་སྐོར་གྱི་ཆེད་དེབ་དཔེ་སྐྲུན་བྱས་པ།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་ནད་རིམས་འགོག་བཅོས་བྱེད་རྒྱུའི་དགོངས་དོན་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་།  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ནས་འགྲེམས་སྤེལ་གནང་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དོ་དམ་ཅུད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དབུ་ཁྲིད་རྣམ་པའི་བཀའ་བཀོད་ལྟར། བོད་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་ལེགས་ཆ་འདོན་སྤེལ་དང་།  ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་བོད་ཀྱི་གསོ་བ་རིག་པའི་བརྟག་བཅོས་ངོས་འཛིན་ཁ་གསལ་ཡོང་བ་སོགས་ཀྱི་དགོས་པར་དམིགས་ཏེ། ངེད་གངས་ལྗོངས་སྨན་རྩིས་དུས་དེབ་རྩོམ་སྒྲིག་ཁང་གིས་གཉན་རིམས་ནད་སྤྱི་དང་ཁྱད་པར་ཏོག་གསར་གློ་ཚད་ཀྱི་ངོ་བོ་ངོས་འཛིན་དང་། འགོག་བཅོས་སྐོར་གྱི་དཔྱད་རྩོམ་འཚོལ་བསྡུ་དང་། གདམ་གསེས། དག་བཅོས་ལེགས་སྒྲིག་བཅས་བྱས་པ་བརྒྱུད། གངས་ལྗོངས་སྨན་རྩིས་དུས་དེབ་2020ལོའི་འདོན་ཐེངས་དང་པོ་སྟེ། ཏོག་གསར་གློ་ཚད་སྐོར་གྱི་ཆེད་དེབ་ཏུ་བཀོད་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།

    2.jpg

    དེ་ཡང་། ད་ཐེངས་ཆེད་དེབ་ཏུ་བསྟན་སྲུང་གྲགས་པ་སོགས་མཁས་དབང་ཁག་གཅིག་གི་གསུང་རྩོམ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། ལྗོངས་བཟའ་བཅའ་དང་སྨན་རིགས་བརྟག་དཔྱད་ཞིབ་འཇུག་ཁང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དང་། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་། རི་བོ་ཆེ་རྫོང་རིས་མེད་བོད་སྨན་ཁང་། ནག་ཆུ་སོག་རྫོང་སྨན་རྩིས་ཁང་། མཚོ་སྔོན་གྱི་ཡ་རྫི་རྫོང་བོད་སྨན་ཁང་། ནང་ཆེན་རྫོང་སྨན་རྩིས་ཁང་། སི་ཁྲོན་གྱི་སྡེ་དགེ་རྫོང་སྨན་རྩིས་ཁང་། སེར་ཤུལ་རྫོང་ལོ་ཕྱུག་ལྟེ་བའི་སྨན་ཁང་། རྟའུ་རྫོང་བོད་སྨན་ཁང་སོགས་ཕྱོགས་ཁག་གི་ཆེད་ལས་སྨན་པ་དང་། སྨན་གཉེར་བ། དགེ་རྒན། ཞིབ་འཇུག་པ་བཅས་ཀྱིས་བརྩམས་པའི་དཔྱད་རྩོམ་བཅུ་བདུན་དང་། ཀྲུང་ནན་ཧྲན་སོགས་ཀྲུང་གོའི་ཏོག་གསར་གློ་ཚད་སྨན་བཅོས་མཁས་དབང་རུ་ཁག་གི་ནད་ཐོག་དཔྱད་རྩོམ་གསར་ཤོས་བོད་འགྱུར་མ་གཅིག་བཅས་བཀོད་ཡོད།

    3.jpg

    དེ་དག་གི་ནང་དོན་གཙོ་བོ་ནི། སྤྱིར་ན་བོད་ལུགས་གསོ་རིག་གི་གཉན་རིམས་ནད་ཀྱི་རིག་གཞུང་སྟེ། གཉན་རིམས་ཀྱི་ངོ་བོ་ངོས་འཛིན་དང་། རྒྱུ་རྐྱེན་དབྱེ་རྟགས། ཐུན་མོང་མ་ཡིན་པའི་འགོག་སྲུང་བྱ་ཐབས་དང་། ཐུན་མིན་བཅོས་ཚུལ། བཅོས་ཐབས་བཅས་ཡོད་པ་མ་ཟད། བཅོས་ཐབས་ཀྱི་མྱོང་བྱང་དང་། སྨན་སྦྱོར་ལག་ལེན། དེ་བཞིན་འགོག་སྲུང་གི་ཕན་ནུས་ཞིབ་འཇུག་སོགས་ཀྱི་སྐོར་ཡོད་པ་དང་། ཁྱད་པར་དུ་དེང་སྐབས་རྒྱལ་ཡོངས་དང་འཛམ་གླིང་ལ་ཉེ་བར་འཚེ་བའི་ཏོག་གསར་གློ་ཚད་ཀྱི་ངོས་འཛིན་དང་། འགོག་སྲུང་། བརྟག་བཅོས་སོགས་ཀྱི་ཐད། དེང་རབས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གིས་བརྟག་བཅོས་བྱས་དང་བྱེད་བཞིན་པར་གོ་བསྡུར་ཏེ་བོད་ལུགས་གསོ་རིག་གི་ལམ་ནས་ཇི་ལྟར་ངོས་འཛིན་དང་། སྔོན་འགོག བཅོས་ཐབས་བཅས་བྱེད་འོས་པའི་བཅོས་ཚུལ་འཆར་འགོད་དང་། སྨན་སྦྱོར་འོས་སྦྱོར་མཛད་པ་སོགས། མདོར་ན། བོད་ལུགས་གསོ་རིག་གིས་གཉན་རིམས་འདི་ཇི་ལྟར་སྔོན་འགོག་དང་བཅོས་ཚུལ་སྐོར་ལ་ཐོག་མའི་ཞིབ་འཇུག་དང་ཇུས་འདོན་གང་ལེགས་བྱས་ཡོད་པས། གནས་སྐབས་འདི་དང་སླད་ཕྱིན་བོད་ལུགས་གསོ་རིག་གིས་གཉན་རིམས་འགོག་བཅོས་ཐད་སྔར་ལས་ལྷག་པའི་ནུས་པ་འདོན་རྒྱུར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད།

    4.jpg

    5.jpg

    6.jpg

    7.jpg

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།