དབུ་ཤོག>བོད་ལུགས་གསོ་རིག
  • དུས་རབས་གསར་པར་བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་གསར་པ་རྒྱས་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་མོང་།   |     སྤེལ་དུས།  2019-08-09

    བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་འདེད་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱིས་སྨན་ཡོན་སྤྲོད་ཐུབ་པ་དང་སྲིད་གཞུང་གིས་འགན་འཁུར་ཐུབ་པའི་ཁྱད་ལྡན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།

    ཤེས་ལྡན་མི་སྣ་གསོ་སྐྱོང་ལ་མཐོང་ཆེན་བྱེད་དགོས་ཤིང་། ཤེས་ལྡན་མི་སྣ་ནི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གྱི་རྩ་བ་རེད། མིག་སྔར་རང་ལྗོངས་སུ་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་བལྟོས་བཅས་ཀྱིས་དཀོན་པོ་ཡོད་པ་དེ་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་ཞིག་ལ་གྱུར་ཡོད། དེས་ན། ཕྱོགས་གཅིག་ནས་སློབ་གསོའི་དུས་མཚམས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཁྱབ་གདལ་གཏོང་བ་དང་། མཐོ་སློབ་ལ་བོད་ཀྱི་གསོ་བ་རིག་པའི་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱེད་པ། ཆ་རྐྱེན་འཛོམས་པའི་མཐོ་སློབ་ཀྱིས་བོད་ཀྱི་གསོ་བ་རིག་པའི་འདེམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཅན་དང་ཡོངས་ཁྱབ་རང་བཞིན་གྱི་སློབ་གསོར་ཤུགས་སྣོན་རྒྱག་གང་ཐུབ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལག་ལེན་དངོས་ཀྱི་དུས་མཚམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་སྨན་རྩིས་ཁང་འཛུགས་སྐྲུན་ནམ་ཡང་ན་བོད་ཀྱི་གསོ་བ་རིག་པའི་ཚན་ཁག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་གསོ་བ་རིག་པ་དང་མཐོ་སློབ་ཀྱིས་ཤེས་ལྡན་མི་སྣ་ཁ་གཏད་གསོ་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཀྱི་སློབ་མ་དེ་བས་མང་བས་ནད་བརྟག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོར་ལག་ལེན་དངོས་དང་དངོས་སྦྱོང་བཅས་བྱས་ནས་ན་གཞོན་ཅན་དང་ཆེད་ལས་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

    ལག་ལེན་དངོས་ཀྱི་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བོད་ཀྱི་གསོ་བ་རིག་པ་བཀོལ་སྤྱོད་བྱས་ན་གཞི་ནས་ཉམས་མྱོང་ཟམ་མི་ཆད་པར་གསོག་ཐུབ་པ་དང་། ཞིབ་འཇུག་དང་གསར་གཏོད་བྱས་ན་གཞི་ནས་འཕེལ་རྒྱས་འགྲོ་ཐུབ། བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་རྒྱས་པ་བྱེད་པར་ངེས་པར་དུ་བོད་ཀྱི་གསོ་བ་རིག་པའི་བཀོལ་སྤྱོད་བྱེད་ཤུགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གིས་བོད་ཀྱི་གསོ་བ་རིག་པར་ནད་བརྟག་སྨན་བཅོས་ཀྱི་ཆ་རྐྱེན་དེ་བས་ཡག་པ་གཏོད་པ། སྨྱན་སྦྱོར་སྤྱད་དེ་བོད་ཀྱི་གསོ་བ་རིག་པའི་དམིགས་བསལ་གྱི་ལེགས་ཆ་དྲིལ་བསྒྲགས་བྱེད་པ། བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།