དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-01

    ཚེས་28ཉིན་གྱི་སྔ་དྲོ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་ལས་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཁུལ་གསར་པ་དེ་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་དུ་ཡོད་པ་དང་། སློབ་རའི་སྤྱིའི་རྒྱ་ཁྱོན་ལ་མུའུ་500ཡོད། སྔོན་རྩིས་བྱས་ན་རྣམ་གྲངས་སྐྲུན་ཡུན་ལོ་གསུམ་ཡིན་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་གསར་གཏོད་དང་། དམངས་འཚོ་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང“རྩེར་སོན་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རིམ་པ་མཐོ་བའི་གསར་གཏོད་ཅན་དང་བཀོལ་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བདེ་སྲུང་གི་དགོས་མཁོ་སྐོང་བ་བཅས་ལ་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་ཉི་མ་ཚེ་རིང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་མ་ཟད། དེ་ནི་སློབ་གྲྭས་སློབ་གཉེར་གྱི་བཀོད་སྒྲིག་སྔར་བས་ལེགས་གཏོང་དང་སློབ་གཉེར་གྱི་བར་མཐོངས་རྒྱ་སྐྱེད་བྱེད་པ་དང་། སློབ་གཉེར་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་འཛམ་གླིང་གི་བོད་ལུགས་གསོ་རིག་སློབ་ཆེན་རྩེ་གྲ་མགྱོགས་མྱུར་སྐྲུན་པའི་གལ་ཆེའི་གོ་སྐབས་ཡིན་པ་རེད། “སློབ་ཁུལ་གསར་པ་ནི་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཚད་གཞི་དང་། སློབ་གྲྭའི་རིག་ཚན་དང་ཆེད་ལས་ཀྱི་ཁྱད་ཆོས་དགོས་མཁོ་ལྟར་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག དཔེ་དེབ་དྲ་རྒྱ། ལུས་རྩལ་སོགས་ཀྱི་ལེ་ལག་ཆ་ཚང་བ་དང་དེ་བཞིན་ཞབས་ཞུའི་སྒྲིག་བཀོད་ཡོད་པ་དེས་སློབ་མའི་གསར་གཏོད་ཀྱི་འཇོན་ཐང་དང་། དགེ་རྒན་གྱི་ཚན་ཞིབ་ཆུ་ཚད་དང་ཚན་ཞིབ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་ཤུགས་ཆེན་གཏོང་བར་ཕན་ཐོགས་རྒྱུ་རེད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།