དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་བོད་རིགས་ཀྱི་སློབ་མ་77ལ་རྗེས་མཐུན་ནད་སྐྱོང་བའི་ཞྭ་མོ་སྤྲད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-05-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་12ཉིན་ནི་རྒྱལ་སྤྱིའི་ནད་སྐྱོང་བའི་དུས་ཆེན་ཡིན་ཞིང་། དེ་ཉིན་ཕྱི་དྲོ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་ནད་སྐྱོང་ཚན་ཁག་གི་2016ལོའི་བོད་རིགས་ཀྱི་སློབ་མ་77ལ་རྗེས་མཐུན་ནད་སྐྱོང་བའི་ཞྭ་མོ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

    བོད་རིགས་ཀྱི་སློབ་མ་77དེ་དག་ཟླ་བ་འདིའི་ཟླ་མཇུག་ཏུ་ལྷ་སའི་སྨན་ཁང་ཁག་ཏུ་དངོས་སྦྱོང་བྱེད་པར་འགྲོ་མཁན་རེད། དངོས་སྦྱོང་བྱས་ནས་སློབ་གྲྭ་བདེ་བླག་ངང་ཐོན་པ་དང་འབྲེལ་ལས་རིགས་ཐོབ་ཐང་ལག་ཁྱེར་རག་རྗེས། ཁོང་ཚོ་དངོས་སུ་ནད་སྐྱོང་བར་གྱུར་ནས་ས་མཐོའི་སྨན་བཅོས་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་སྲིད།

    བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ནད་སྐྱོང་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཟླ་སྒྲོན་གྱིས་ངོ་སྤྲོད་བྱས་པར། 2016ལོའི་ནད་སྐྱོང་ཚན་ཁག་ལ་ཁྱོན་འཛིན་གྲྭ་གཉིས་དང་སློབ་མ་77ཡོད་པ་ཚང་མ་བོད་རིགས་སློབ་མ་ཤ་སྟག་ཡིན་ཞིང་དེའི་ནང་བུ་25ཡོད་པ་རེད།

    བོད་ལ་སྔར་ནས་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་དཀོན་པ་དང་བོད་ལྗོངས་སློབ་ཆེན་ནི་བོད་ཀྱི་རྗེས་གྲབས་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་རིམ་སློབ་གླིང་གི་གྲས་ཤིག་རེད།

    “ང་ཚོའི་སྨན་ཁང་དུ་ནད་སྐྱོང་ཤེས་ལྡན་པ་སྔར་ནས་འདང་གི་མེད། འདི་ལོ་སློབ་མ་40ལྷག་ཙམ་དངོས་སྦྱོང་ལ་ཡོང་མཁན་ཡིན་པས་ཁོ་ཚོས་ང་ཚོའི་སྨན་ཁང་གི་ནད་སྐྱོང་ཤེས་ལྡན་པ་མི་འདང་བའི་སྟོང་ཆ་གསབ་ཀྱི་ཡོད”། གདན་ཞུས་ལྟར་རྗེས་མཐུན་ནད་སྐྱོང་བའི་ཞྭ་མོ་སྤྲོད་པའི་མཛད་སྒོར་ཕེབས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་གི་ནད་སྐྱང་དཔོན་ཧོ་ཡན་གྱིས། བོད་རིགས་ནད་སྐྱོང་བ་དང་བོད་རིགས་ནད་པའི་དབར་ཕན་ཚུན་སྐད་ཆ་ཤོད་བདེ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད། བོད་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པར་སྨན་བཅོས་ཤེས་ལྡན་མི་སྣ་དང་ལྷག་པར་དུ་བོད་རིགས་ཀྱི་ཤེས་ལྡན་མི་སྣ་དེ་བས་མང་དུ་གཏོང་དགོས་ཞེས་བཤད།

    1997ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་ཚེ་རིང་རྡོ་རྗེ་ནི་ནད་སྐྱོང་ཚན་ཁག་འཛིན་གྲྭ་དང་པོའི་སློབ་མ་རེད། རྗེས་མཐུན་ནད་སྐྱོང་བའི་ཞྭ་མོ་སྤྲོད་པའི་མཛད་སྒོའི་ཐོག་ཁོང་ལ་བོད་ལྗོངས་གསོ་རིག་སློབ་གླིང་ནད་སྐྱོང་རྩལ་ནུས་བཀོལ་སྤྱོད་འགྲན་བསྡུར་གྱི་བྱ་དགའ་རག་ཡོད། སློབ་མ་བུ་25ཡི་གྲས་ཤིག་ཡིན་པའི་ཁོང་གིས་སླད་ཕྱིན་གྱི་ནད་སྐྱོང་ལས་ཀར་རེ་སྒུག་ཆེན་པོ་བྱེད་ཅིང་། “ནད་སྐྱོང་བ་བུ་ལ་རང་ཉིད་ཀྱི་ལེགས་ཆ་དམིགས་བསལ་ཞིག་ཡོད། ལས་རིགས་འདིའི་དོན་སྙིང་ཕོ་མོ་དང་འབྲེལ་བ་མེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།