དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་ནང་ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-11-30

    མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩ་འཛུགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲིད་གཞུང་དབར་གྱི་ཨུ་ལྷན(གཤམ་དུ“ཨུ་ལྷན”ཞེས་བསྡུ་རྒྱུ)གྱི་ཚོགས་འདུ་སྐབས་བཅུ་གསུམ་པ་2018ལོའི་ཟླ་11ཚེས་26ནས་ཟླ་12ཚེས་1བར་མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁར་ཚོགས་ཀྱི་ཡོད་པ་དང་། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་28ཉིན་གྱི་ཕྱི་དྲོར། ཨུ་ལྷན་དེས་དཔྱད་ཞིབ་བྱས་པ་བརྒྱུད། ཀྲུང་གོས་རེ་ཞུ་བྱས་པའི“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས——ཚེ་སྲོག་གི་བདེ་ཐང་དང་ནད་གཞི་འགོག་བཅོས་སྐོར་གྱི་ཀྲུང་གོའི་བོད་ཀྱི་ཤེས་བྱ་དང་ལག་ལེན”མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་འཇུག་རྒྱུར་གྲོས་འཆམ་བྱུང་བ་རེད(གཤམ་དུ“ཚབ་མཚོན་མིང་གཞུང”ཞེས་བསྡུ་རྒྱུ)

    བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནི། རང་བྱུང་གི་ཆུ་ཚན་དང་ཡང་ན་སྨན་ཆུ་སྐོལ་བའི་ལྡེ་་ཁུ་བའམ་རླངས་པར་བརྟེན་ནས། ལུས་ཁམས་སྙོམས་སྒྲིག་བྱས་ཏེ། ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་བྱེད་པའི་སྲོལ་རྒྱུན་གྱི་ཤེས་བྱ་དང་ལག་ལེན་ཞིག་ཡིན། ཤུལ་བཞག་རྣམ་གྲངས་འདིའི་ཐོག་ནས་འབྲེལ་ཡོད་སྡེ་ཁུལ་གྱི་མང་ཚོགས་ཀྱིས་ཁྲུས་ཆབ་ལ་བརྟེན་ནས་ནད་གཞི་སྔོན་འགོག་དང་གསོ་བཅོས་བྱེད་པའི་དམངས་ཁྲོད་ཀྱི་ཉམས་མྱོང་མཚོན་ཡོད་པ་མ་ཟད། ད་དུང《རྒྱུད་བཞི》ཡིས་ཚབ་མཚོན་དུ་བྱས་པའི་སྲོལ་རྒྱུན་བོད་ལུགས་གསོ་རིག་དེང་རབས་ཀྱི་བདེ་ཐང་ལག་ལེན་ཁྲོད་རྒྱུན་འཛིན་དང་འཕེལ་རྒྱས་ཕྱིན་པ་ཡང་མཚོན་ཡོད།

    བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནི། མཚོ་བོད་ས་མཐོའི་ཡར་ཀླུང་ལུང་གཞུང་དང་ཙོང་ཁའི་རི་རྒྱུད་ཀྱི་བོད་རིགས་ཞིང་འབྲོག་ས་ཁུལ་གཅིག་བསྡུས་རྒྱུན་འཛིན་ཁུལ་དུ་བྱས་ནས་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་། བོད་རིགས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཤུལ་བཞག་རྣམ་གྲངས་འདིས་བོད་ཀྱི་གནམ་རིག་སྐར་རྩིས་དང་། རང་བྱུང་དངོས་མང་། ཆོ་ག་དང་དད་མོས། ཀུན་སྤྱོད་ཀྱི་ཚད་གཞི། ཟས་སྤྱོད་སྤང་བླངས་སོགས་ཀྱི་སྲོལ་རྒྱུན་ཤེས་བྱ་ཚུད་པ་དང་ཆབས་ཅིག བོད་ཀྱི་ལྷ་སྒྲུང་དང་། ལོ་རྒྱུས་སྙན་ངག སྒྲུང་རབས། ཟློས་གར། རི་མོ། རྐོ་དཀྲོལ་སོགས་ཀྱི་རིག་གནས་རྣམ་པ་བརྒྱུད་དར་སྤེལ་རྒྱ་ཁྱབ་བྱུང་སྟེ་བོད་རིགས་མང་ཚོགས་ལ་མོས་སེམས་ཐོབ་པ་མ་ཟད། ད་དུང་མིའི་རིགས་ཀྱི་བདེ་ཐང་ཤེས་བྱ་དང་ལག་ལེན་ཕུན་སུམ་ཚོགས་སུ་བཏང་བས། འཛམ་གླིང་གི་རིག་གནས་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་གསར་གཏོད་ནུས་པའི་བདེན་དཔང་ལྟ་བུར་གྱུར་ཡོད་པ་རེད།

    རེ་ཞུའི་ལས་དོན་ནང་ཧུར་ཐག་སྒྲུབ་རྒྱུ་ནི། ཀྲུང་གོས《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཀྱི་འགན་འཁྲི་དང་འོས་འགན་ལག་བསྟར་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ང་ཚོས་ཤུལ་བཞག་རྣམ་གྲངས་སྲུང་སྐྱོང་ལ་འཇོག་པའི་བརྗིད་ཆེའི་དམ་བཅའ་ཡང་ཡིན། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་འདི་ཉིད་ཚབ་མཚོན་དང་མིང་གཞུང་ནང་ཚུད་པ་དེ་འགོ་འཛུགས་ས་གསར་པ་ཞིག་ཡིན། འབྲེལ་ཡོད་སྡེ་ཚན་གྱིས་བཟོས་ཟིན་པའི་སྲུང་སྐྱོང་འཆར་གཞི་ལྟར། འབྲེལ་ཡོད་སྡེ་ཁུལ་དང་། ཚོགས་སྤྱི། མི་སྒེར། རྩ་འཛུགས་བཅས་ལ་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱུན་འཛིན་དང་ལག་ལེན་ཡག་པོ་བྱ་རྒྱུ་ཡིན་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་འབྲེལ་ཡོད་རྣམ་གྲངས་2008ལོ་དང་2014ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་གཞུང་ནང་དུ་ཚུད་པ་རེད། ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་གསོན་ཤུགས་འཕེལ་རྒྱུ་འགན་ལེན་བྱ་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡི་འགོ་ཁྲིད་འོག ཀྲུང་གོ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་མཐུན་སྦྱོར་ཚན་པར་བྱེད་པ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་སྣེ་ཁྲིད་ཚན་པར་བྱས་ནས། འབྲེལ་ཡོད་སྡེ་ཁུལ་དང་ཚོགས་སྤྱི་དང་མཉམ་དུ་2015ལོའི་ཟླ་དགུ་པར་སྲུང་སྐྱོང་ལས་དོན་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་མ་ཟད། ད་དུང་མཉམ་འབྲེལ་ཐོག《བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་ལོ་ལྔའི་སྲུང་སྐྱོང་འཆར་གཞི(2019ནས་2023ལོའི་བར)》ཡང་བཟོས་ཏེ་མཉམ་དུ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་བྱ་སྤྱོད་སྤེལ་བ་རེད། བོད་ལྗོངས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ལྷན་དང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཤང་སུམ་མདོ་གྲོང་ལྷན་སོགས་སྡེ་ཁུལ་8དང་དེ་བཞིན་བོད་ལྗོངས་གསོ་རིག་སློབ་གླིང་དང་། མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་སོགས་ཚོགས་སྤྱི་12ཀྱིས་འབྲེལ་ཡོད་ཁྲིད་སྦྱོང་ལྟེ་གནས་དང་ཞིབ་འཇུག་སྒྲིག་གཞི་འཛུགས་རྒྱུ་དང་འཐུས་ཚང་དུ་བཏང་ཐོག་གསོ་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ་ནས། སྡེ་ཁུལ་གྱི་བདེ་ཐང་ལག་ལེན་ཁྱབ་གདལ་གཏོང་རྒྱུ་དང་། སྲོལ་རྒྱུན་གྱི་རྒྱུན་འཛིན་བྱེད་སྟངས་མཐོ་རིམ་སློབ་གསོའི་ནང་བཅུག་ནས་མི་རབས་ཀྱི་རྒྱུན་འཛིན་སྲ་བརྟན་དུ་གཏོང་བ། འབྲེལ་ཡོད་བསླབ་གཞི་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཤེས་བྱའི་ཀློག་དེབ་རྩོམ་སྒྲིག་བྱས་པ་བརྒྱུད། གཞོན་ནུ་ལོ་ཆུང་གི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། དེ་དང་ཆབས་ཅིག་ཐོན་ཁུངས་ཡོངས་བཤེར་དང་ཆ་ལག་ཚང་བའི་ཡིག་ཚགས་བཟོ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། རིག་གཞུང་ཞིབ་འཇུག་བྱེད་པ། ས་གནས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ལག་ལེན་བྱ་ཡུལ་དོ་དམ་ཡག་པོ་བྱེད་པ། དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བཅས་བྱས་པ་བརྒྱུད་སྲོལ་རྒྱུན་གྱི་ཤེས་བྱ་དང་ལག་ལེན་འདི་ཉིད་རྒྱུན་འཛིན་དང་གོང་འཕེལ་ཡོང་བ་བྱ་རྒྱུ་རེད།

    བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་ནང་དུ་ཚུད་པ་ལས། རང་རྒྱལ་གྱི་རྣམ་གྲངས་ཁྱོན་40མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་མིང་གཞུང་ནང་ཚུད་ཡོད་པ་དང་། དེའི་ཁྲོད་རྣམ་གྲངས་32ཚབ་མཚོན་མིང་གཞུང་ནང་ཚུད་པ་དང་། རྣམ་གྲངས་7འཕྲལ་མར་སྲུང་སྐྱོང་བྱེད་དགོས་པའི་མིང་གཞུང་ནང་ཚུད་པ། རྣམ་གྲངས་1ཕུལ་བྱུང་ལག་ལེན་གྱི་མིང་ཐོའི་ནང་ཚུད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།