བོད་ལུགས་གསོ་རིག་བྱ་གཞག་དང་དམ་དུ་འབྲེལ་བའི་ལས་དབང་།
འདི་ནི་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཉི་མ་ཚེ་རིང་ཡིན་པ།
འདི་ནི་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིའི་ལས་མིས་སྨན་རྩྭ་འཐུ་བཞིན་པ།
འདི་ནི་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིའི་ལས་མིས་སློབ་སྦྱོང་བྱེད་བཞིན་པ།
འདི་ནི་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིའི་ལས་བྱེད་ལས་བཟོས་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་སྨན་བཅོས་དང་ཞབས་ཞུ་སྒྲུབ་བཞིན་པ།
འཕུར་མཆོང་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་གི་སྤྱི་ཚོགས་ལ་ཆ་མཚོན་ནས་བཤད་ན། གང་སར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་ཅིང་། ལས་རིགས་མི་འདྲ་བ་དང་། རྣམ་པ་མི་འདྲ་བ། ངོ་བོ་མི་འདྲ་བའི་སྒེར་གཉེར་གྱི་ཁེ་ལས་དང་། སྤྱི་ཕན་ཚོགས་པ། དེ་མིན་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྡེ་ཚན་དང་ཚོགས་པ་མང་པོས་དེང་གི་སྲིད་ཇུས་བཟང་པོའི་སྤྱི་ཚོགས་ཀྱི་གོ་སྐབས་མཐའ་དག་ལ་དམ་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་རྩོད་ངར་མའི་ཀློང་དུ་ཞུགས་ཏེ། དཀའ་སྤྱད་འབད་འབུངས་དང་། སྙིང་སྟོབས་ཡར་བསྐྱེད། འདྲ་མཉམ་འགྲན་རྩོད་ཀྱིས་ཚོང་གཉེར་དང་སྤྱི་ཕན་བྱ་གཞག་གི་ཁྲོད་དུ་རིན་ཐང་མངའ་བའི་རང་གི་མི་ཚེའི་ལམ་བུ་འཚོལ་སྙེག་བྱེད་བཞིན་ཡོད་པ་རེད།
གོ་སྐབས་མཐའ་དག་དམ་འཛིན་གྱིས། གསོ་རིག་བྱ་གཞག་གོང་དུ་སྤེལ།
ད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིར་ཆ་མཚོན་ནས་བཤད་ཀྱང་། ལོ་ངོ་དུ་མའི་དཀའ་སྤྱད་འབད་བརྩོན་འོག ད་ལྟ་ཀུང་སི་དེ་ཉིད་བོད་ལྗོངས་ཁྱོན་དུ་སྙན་པའི་གྲགས་པ་འབར་ཞིང་། རང་རྐྱ་འཕེར་བའི་སྒེར་གཉེར་སྨན་ལས་ཀུང་སི་ཞིག་ཏུ་གྱུར་ཡོད་མོད། བྱ་བ་གང་དང་གང་ཞིག་སྒྲུབ་རུང་མདུན་སྐྱོད་ཀྱི་ལམ་བུའི་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པས། གསར་འགོད་པས་ཆེད་དུ་ཀུང་སི་དེ་གའི་འགན་ཁུར་བ་རྒན་ཉི་མ་ཚེ་རིང་ལ་ཀུང་སིའི་འཕེལ་རྒྱས་ཀྱི་ལམ་བུ་དང་། ད་ལྟའི་གནས་བབ། མ་འོངས་ཀྱི་འཆར་གཞི། དེ་མིན་མདུན་སྐྱོད་ཀྱི་ལམ་བུར་འཕྲད་པའི་དཀའ་ཚེགས་སོགས་ཀྱི་སྐོར་བཀའ་འདྲི་ཞུ་བར་ཕྱིན་པ་ཡིན།
གསར་འགོད་པ་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིའི་ཚོམས་ཆེན་དུ་འབྱོར་སྐབས། མིག་མདུན་དུ་འཆར་བ་ནི་མང་ཚོགས་མང་པོ་ཞིག་གིས་ལག་ཏུ་སྨན་ཤོག་ཉར་ནས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་ནད་གཞི་བརྟག་དཔྱད་བྱེད་པ་དང་། གནས་དེ་གའི་སྨན་པ་དང་སྨན་གཡོག་ཚོས་བྱམས་བརྩེའི་ངང་ནད་པར་ན་ཚ་ལྟ་བའི་སྣང་ཚུལ་རེ་རེ་རེད། གསར་འགོད་པས་མི་ཚོགས་ཀྱི་ཁྲོད་ནས་དོན་ཏེ་ཐད་ཀར་རྒན་ཉི་མ་ཚེ་རིང་གི་གཞུང་ལས་ཁང་དུ་བསྐྱོད་པ་ཡིན། གཞུང་ལས་ཁང་གི་སྒོ་ཕྱེ་མ་ཐག་རྒན་ཉི་མ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་ང་ཚོར་སྣེ་ལེན་བྱས།
“དེང་སྐབས་མང་ཚོགས་ཀྱི་ཁྲོད་དུ་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིར་གདེང་འཇོག་ཡག་པོ་ཐོབ་བཞིན་ཡོད་པ་དང་། ཀུང་སི་དེ་ཉིད་བོད་ནང་ཁུལ་དུ་ཁེ་ལས་ཆེ་གྲས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ཀུང་སིས་སློབ་གྲྭ་ཆེ་མོ་བ་མང་པོ་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་དང་བོད་ཀྱི་གསོ་རིག་གི་བྱ་གཞག་ཐད་ལའང་ལེགས་སྐྱེས་མི་དམན་པ་ཕུལ་ཡོད་པ་རེད། ཀུང་སིའི་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་འདྲི་སྐབས རྒན་ཉི་མ་ཚེ་རིང་གིས། “བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སི(དེ་སྔ་གཉའ་ལམ་བོད་སྨན་བཟོ་གྲྭ་ཡིན)ནི་1991ལོའི་ཟླ་3པ་ནས་སྐྲུན་འགོ་བཙུགས་པ་དང་། བཟོ་གྲྭ་ཐོག་མར་བཙུགས་མཁན་རྒན་ཀུན་བཟང་ཕན་ཐོགས་ཀྱིས་མ་དངུལ་སྒོར་ཁྲི་57བཏང་སྟེ་སྨན་རྫས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། 2004ལོར་ཀུང་སིས་ཁེ་ལས་ལམ་ལུགས་སྒྱུར་བཅོས་བྱས་ཤིང་། 2006ལོར་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སི་ཞེས་མི་བསྒྱུར་པ་དང་ཐོ་འགོད་ཀྱི་མ་དངུལ་སྒོར་ཁྲི་5000བཏང་བ་རེད། ཕྱིས་སུ་རྒྱལ་ཁབ་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་GMPངོས་འཛིན་ཁས་ལེན་གནང་བའི་བོད་ཀྱི་ཚད་ལྡན་བོད་སྨན་ཐོན་ལས་ཁེ་ལས་ཤིག་ཏུ་གྱུར་པ་རེད”ཅེས་ཀུང་སིའི་ལོ་རྒྱུས་གླེང་བ་དང་། ཡང་ཁོང་གིས། “མིག་སྔར་བོད་ལྗོངས་སྨན་ལས་ཚད་ཡོད་ཀུང་སིར་རྒྱལ་ཁབ་སྨན་རྫས་ཀྱི་ཨང་རྟགས་ཆོག་མཆན་ཐོབ་པའི་སྨན་རིགས་སྣ་ཁ་32དང་ལས་སྣོན་བྱས་པའི་སྨན་རིགས་སྣ་ཁ་173ལྷག་ཙམ་ཡོད། རྒྱལ་ཁབ་ཀྲུང་དབྱིའི་སྨན་རྫས་སྲུང་སྐྱོབ་སྣ་ཁ་གཉིས་དང་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་གཉིས་ཐོབ་ཡོད”ཅེས་ཀུང་སིའི་ད་ལྟའི་གནས་བབ་གླེང་།
ད་ཆ་ཀུང་སི་དེར་ལས་བཟོ་བ་103ཡོད་པ་དང་། ཐོན་སྐྱེད་འཁོར་ཁང་གཉིས་དང་ཕྱོགས་བསྡུས་སྡེ་ཚན་བདུན་ཡོད་པ་སྟེ། སྤུས་ཚད་འགན་ལེན་པུའུ་དང་། ཐོན་སྐྱེད་པུའུ། བཟོ་སྐྲུན་པུའུ། ནོར་དོན། མཁོ་འདོན་པུའུ། སྒྲིག་ཆས་པུའུ། ཚོང་གཉེར་པུའུ། སྲིད་འཛིན་གཞུང་ལས་ཁང་བཅས་ཡིན། ལྗོངས་ནང་ཁུལ་དུ་དྲ་ཐོག་ཚོང་གཉེར་ས་ཚིགས་ཁག་3བཙུགས་པ་དང་ལྗོངས་ཕྱིར་གཉེར་སྐྱོང་དྲ་བ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཡོངས་སུ་ཁྱབ་ཡོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསོ་རིག་བྱ་གཞག་དང་ཁེ་ལས་ཀྱི་ཚན་རྩལ་འདུས་ཚད་དང་ཐོན་སྐྱེད་སྟོབས་ཤུགས་དར་རྒྱས་གོང་འཕེལ་གཏོང་ཆེད། 2003ལོ་ནས་GMPསྒྱུར་བཅོས་བྱེད་འགོ་བཙུགས་པ་དང་འབྲེལ་2004ལོར་རྒྱབ་ཁབ་རིམ་པའི་ཆོག་མཆན་ཐོབ་སྟེ། ཀུང་སི་དེ་ཉིད་བོད་ཀྱི་དེང་རབས་གསོ་རིག་བྱ་གཞག་ཁྲོད་ཕུལ་བྱུང་ཁེ་ལས་ཀྱི་གྲས་སུ་ཚུད་ཡོད།
ཉེ་བའི་ལོ་ཤས་རིང་། ཀུང་སིའི་ཚོང་རྟགས་འཛུགས་སྐྱོང་དང་ཡིད་རྟོན་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་སྟེ། སྔ་རྗེས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་བསྩལ་བའི་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་རིགས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་། ཡིད་རྟོན་འོས་སྦྱོར་ལས་ཁུངས། AAAརིམ་པའི་སྤུས་ཚད་དང་ཡིད་རྟོན་ཁེ་ལས་ཀྱི་གཟི་བརྗིད་མཚན་ཉིད། བོད་ཀྱི་ཚོང་རྟགས་གྲགས་ཅན། ཀྲུང་གོའི་ཆེད་ལས་ཅིང་ལི་ཡག་ཤོས་བཅུའི་བྱ་དགའ་སོགས་ཐོབ་པས། བོད་རང་སྐྱོང་ལྗོངས་ཀྱི་སྣེ་ཁྲིད་ཁེ་ལས་12ཀྱི་གྲས་སུ་ཚུད་པ་དང་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིས་རྒྱབ་ཁབ་ཀྱི་ཆོག་མཆན་ཨང་རྟགས་ཐོབ་པའི་བོད་སྨན་སྤང་རྒྱན་བཅོ་ལྔ་དང་། བི་མ་ལ། ཐང་ཆེན་ཉེར་ལྔ་། སེང་ལྡེང་ཉེར་ལྔ་། གཙོ་བོ་ཉེར་ལྔ་། འོལ་སེ་ཉེར་ལྔ་། བྱུར་དམར་ཉེར་ལྔ་། སྐྱུ་རུ་ཉེར་ལྔ་། མུ་ཏིག་ཉེར་ལྔ་། གྲུམ་བུ་ཟུག་གཅོག མན་ངག་བསིལ་སྦྱོར། གཅིན་སྙི་ཨ་རུ་བཅོ་བརྒྱད། གཡུ་དྲིལ་བཅུ་གསུམ། བྲེ་ག་བཅུ་གསུམ། ཨ་རུ་བཅུ་པ། གར་ནག་བཅུ་པ། ཏིག་ཏ་ཉེར་ལྔ་། དབང་ལག་བཅུ་པ་སོགས་མང་པོ་ཞིག་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།
དཀའ་བ་མཐའ་དག་འཛུམ་གྱིས་བསུས། གཞན་ཕན་ལས་ལ་སྒྱིད་ལུག་ཅི།
མིག་སྔར་ཀུང་སི་དེ་ཉིད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡིད་རྟོན་ཐོབ་ཅིང་སྤྱི་ཚོགས་ཡོངས་སུ་བག་ཆགས་གཏིང་ཟབ་བཞག་ཡོད་པ་རེད། འོན་ཀྱང་། ཀུང་སིའཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་དཀའ་ཚེགས་ཀྱང་ངེས་ཅན་ཞིག་འཕྲད་སྲིད་པས། ཁོང་ལ་ཀུང་སིར་འཕྲད་པའི་དཀའ་ངལ་སྐོར་འདྲི་སྐབས། ཁོང་གིས། སྤྱིའི་ཆ་ནས་བལྟས་ན་མིག་སྔའི་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་འཕེལ་རྒྱས་ལ་བཀག་རྒྱ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་པ་སྟེ། གཅིག་ནས་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་ཁེ་ལས་མ་རྩ་བསྡུ་སྒྲིལ་གྱི་ཐབས་ལམ་ཉུང་བ་དང་། གཉིས་ནས་ཁེ་ལས་རང་ངོས་ཀྱི་གསར་གཏོད་ཀྱི་སྟོབས་ཤུགས་མི་འདང་བ་དང་། ཤེས་ལྡན་མི་སྣ་དཀོན་པ། ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཞན་པ། གསུམ་ནས་ཁེ་ལས་ཁ་ཤས་ཀྱི་ཡིད་རྟོན་གྱི་འདུ་ཤེས་ཟབ་པོ་མེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་འཕེལ་རྒྱས་དང་མི་མཐུན་པ་བཅས་ཀྱི་གནད་དོན་ཡོད་པས་ཚད་ངེས་ཅན་ཞིག་གི་སྟེང་ནས་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་དེ་བས་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་བཀག་འགོག་བྱས་ཡོད་ཅེས་གསུངས།
གསར་འགོད་པ། ང་ཚོས་ཤེས་པ་ལྟར་ན། ཁྱེད་ཉིད་ནས་རང་གིས་ཀུང་སི་དེ་འཕེལ་རྒྱས་གཏོང་བའི་ཞོར་དུ། ད་དུང་འགྲམ་གྲོང་རྡལ་སོགས་སུ་ས་ཡོམ་གྱི་གནོད་ཚེ་འཕྲད་སྐབས་ཁྱེད་ཀུང་སིས་དང་བླང་རོགས་སྐྱོར་ཚོགས་པ་ཞིག་སྒྲིག་འཛུགས་གནང་ནས་དེ་གའི་མང་ཚོགས་ལ་བཟའ་བཅའ་དང་། གུར། དེ་མིན་སྨན་རྫས་སོགས་ཀྱི་རོགས་རམ་གནང་བའི་སྐོར་གོ་ཐོས་བྱུང་བས། ཁྱེད་ནས་དེའི་སྐོར་ཞིག་གསུངས་དང་།
ཉི་མ་ཚེ་རིང་། ཐོག་མའི་བསམ་འདུན་མི་བརྗེད་པར་མཐའ་འཁྱོངས་བྱས་ཏེ་ཁེ་ལས་ཀྱིས་ཕྲག་ལ་བབས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས། ལྷག་པར་དུ་ང་ཚོའི་ཀུང་སི་དེ་ཐོག་མར་གཉའ་ལམ་དུ་བཙུགས་ཤིང་། གལ་ཏེ་གཉའ་ལམ་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་མེད་ཚེ་རྨང་གཞི་བརྟན་པོ་ཞིག་འཛུགས་ག་ལ་ཐུབ། དེ་བས། རང་ཉིད་སྲིད་གྲོས་སྐབས་བཅུ་གཅིག་པའི་གཉའ་ལམ་གྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བས། ཁེ་ལས་འཕེལ་རྒྱས་ཕྱིན་རྗེས་ཐོག་མའི་བསམ་འདུན་མ་བརྗེད་པར་སྤྱི་ཚོགས་ཀྱི་འགན་ཁྲི་དང་དུ་བླངས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ངེས་རེད།
གསར་འགོད་པ། བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིས་དམངས་ཕན་དམངས་བདེ་ཡི་བྱ་བ་བཟང་པོ་ཇི་སྙེད་ཅིག་བསྒྲུབས་ཡོད་པ་གོ་ཐོས་བྱུང་། ཁྱེད་ནས་དེའི་སྐོར་ཞིག་གསུངས་དང་།
ཉི་མ་ཚེ་རིང་། ངེད་ཀུང་སིས་གཅིག་ནས་ཉམས་ཞན་ཚོགས་སྤྱི་ལ་སེམས་ཁུར་བྱས་ཏེ་སྔ་ཕྱིར་ལས་མི་200ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། རིམ་རྩིས་བརྒྱབ་ན་སློབ་གསོའི་བྱ་གཞག་ཐད་ཞལ་འདེབས་སྒོར་ཁྲི་142བཏང་བ། དབུལ་སྐྱོར་བྱ་གཞག་ཐད་རོགས་དངུལ་སྒོར་ཁྲི་256བཏང་བ། ནད་པར་སྒོར་ཁྲི་460ཙམ་ཟིན་པའི་རིན་མེད་སྨན་བཅོས་བྱས་པ་དང་། གཉིས་ནས་ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ལོ་ལྟར་ཞིང་འབྲོག་མང་ཚོགས་སྐུལ་སློང་བྱས་ཏེ་སྨན་རྒྱུ་འཚོལ་བསྡུའི་ལས་ལ་ཞུགས་སུ་བཅུག་པས་ཁོང་ཚོར་ཡོང་འབབ་སྒོར་ཁྲི་478ཙམ་འཕར་སྣོན་བྱུང་ཡོད། གསུམ་ནས་སི་ཁྲོན་དབུན་ཁྲོན་ས་ཡོམ་བརྒྱབ་རིང་གེགས་ཁུལ་ལ་སྨན་རྫས་ཞལ་འདེབས་སུ་ཕུལ་བ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་374000ཟིན་གྱི་ཡོད། བཞི་ནས་2007ལོ་ནས་བཟུང་ཁེ་ལས་ཀྱིས་རྫོང་ཡོངས་ཀྱི་ཤང་5དང་གྲོང་རྡལ་45ཡི་སྲིད་འཛིན་གྲོང་ཚོའི་དབུལ་པོའི་དུད་ཚང་གི་རྒན་རྒོན་340ལྷག་ཙམ་ལ་ཚེ་གང་པོར་དབུལ་སྐྱོར་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་ནས་ཁེ་ལས་ཀྱིས་ལོ་ལྟར་རིམ་རྩིས་བརྒྱབ་ན་སྤྱི་ཕན་བྱ་གཞག་ལ་ཆ་སྙོམས་མ་དངུལ་སྒོར་ཁྲི་172གཏོང་བཞིན་ཡོད།
སྤུས་ཚད་འགན་ལེན་གཙིགས་སུ་འཛིན། འདྲ་མཉམ་དྲང་གཞག་ཚོང་གཉེར་བྱེད།
ཁེ་ལས་འཕེལ་རྒྱས་འགྲོ་བར་སྤུས་ཚད་ནི་འགག་རྩ་ཡིན་ཞིང་། སྨན་རྫས་ཀྱི་སྤུས་ཚད་ནི་ཁེ་ལས་འཕེལ་རྒྱས་འགྲོ་བའི་གཞི་རྩ་རེད། སྨན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས་ཚེ། དང་ཐོག་ཐོན་སྐྱེད་མི་སྣའི་བྱང་ཚད་འགན་ལེན་བྱེད་དགོས། དེར་བརྟེན། བོད་ལྗོངས་སྨན་ལས་ཚད་ཡོད་ཀུང་སིས་སྔ་རྗེས་སུ་གསོ་སྦྱོང་འཛིན་གྲྭ་ཐེངས་ལྔ་གཉེར་ནས་ཐོན་སྐྱེད་མི་སྣ་ཡོངས་ལ་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱས་པ་རེད། ཚན་རིག་དང་མཐུན་པའི་ཐོན་སྐྱེད་མི་སྣའི་ལས་ཀའི་བཟོ་རིམ་བཟོས་པ་དང་འབྲེལ་ལས་བཟོ་སྒྲིག་འཛུགས་བྱས་ནས་གཟའ་འཁོར་རེར་གཅིག་སྡུད་སློབ་སྦྱོང་ཐེངས་རེ་བྱས་ཏེ་ཀུང་སིའི་ཐོན་སྐྱེད་མི་སྣའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་དང་ལག་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་རེད།
2006ལོ་ནི་ཀུང་སིའི་ཁེ་ལས་སྒྱུར་བཅོས་ཀྱི་ལོ་དང་པོ་ཡིན་པ་དང་། ལོ་དེའི་ཟླ་5པར་ཀུང་སིས་གོ་སྐབས་དམ་འཛིན་དང་མཐུན་སྒྲིལ་ཡར་བརྩོན་གྱིས་ཁེ་ལས་ཕྱིར་ཚོང་རྒྱ་སྐྱེད་གཏོང་རྒྱུ་དང་། རྒྱལ་ཡོངས་སུ་བོད་སྨན་ཁྱབ་གདལ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་སྒྱུར་བཅོས་རབ་དང་རིམ་པ་སྤེལ་བས་སྒྱུར་བཅོས་གསར་གཏོད་ཀྱི་ཚ་རླབས་ཤིག་འཕྱུར་བ་རེད། ལོ་གཅིག་རིང་གི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིས་ཚོང་གཉེར་གྱི་འཆར་གཞི་གསར་པ་བཟོས་ནས་ལག་ལེན་བསྟར་འགོ་ཚུགས་ཡོད་པ་དང་། རྒྱལ་ཡོངས་སུ་ཁྱབ་པའི་དྲ་ཐོག་ཕྱིར་འཚོང་བྱེད་འགོ་ཚུགས་ཏེ་སྤྱི་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། ཐེངས་དེའི་སྒྱུར་བཅོས་ཁྲོད་ཀུང་སིས་གཙོ་བོར་མི་སྣའི་བྱང་ཚད་མཐོ་རུ་བཏང་བ་བརྒྱུད་ཐོན་རྫས་ཀྱི་སྤུས་ཚད་དང་། དོ་དམ་གྱི་ཆུ་ཚད། ཡིད་རྟོན་བྱེད་ཚད་བཅས་མཐོ་རུ་བཏང་སྟེ་ཁེ་ལས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
བཅར་འདྲི་བྱེད་རིང་། ཉི་མ་ཚེ་རིང་གིས། “ལས་དོན་ཁག་གི་གོ་རིམ་དང་སྒྲིག་ལམ་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཀུང་སིས་སྐབས་དེ་དུས་སྒྱུར་བཅོས་བྱས་པའི་ནང་དོན་གལ་ཆེན་ཞིག་རེད། སྒྱུར་བཅོས་བྱེད་རིང་ཀུང་སིས་ཐོན་སྐྱེད་ཀྱི་མ་རྩ་དམའ་རུ་བཏང་ནས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སྟེ། བདེ་འཇགས་ལ་ཞིབ་བཤེར་དང་། ལས་ཆོད་ལ་ཞིབ་བཤེར། མ་རྩར་ཞིབ་བཤེར་བཅས་ཞིབ་བཤེར་གསུམ་དང་། བསམ་བློར་བསྡུར་བ་དང་། ངར་ཤུགས་བསྡུར་བ། སྙིང་སྟོབས་བསྡུར་བ་བཅས་བསྡུར་བ་གསུམ། ལས་བརྩོན་སྙིང་སྟོབས་ཀྱི་གཞི་འཛུཌ་པ་དང་། མཐུན་སྒྲིལ་གྱི་གཞི་འཛུཌ་པ། གསར་གཏོད་སྙིང་སྟོབས་ཀྱི་གཞི་འཛུགས་པ་བཅས་ཀྱི་བྱེད་སྒོ་མཐའ་འཁྱོངས་བྱས་ཡོད། ཡིད་རྟོན་ལྟེ་བར་བྱེད་པའི་དེང་རབས་ཀྱི་ཁེ་ལས་རིག་གནས་གཏོད་རྒྱུ་དང་ཡིད་རྟོན་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་ནི་ཀུང་སིའི་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་རེད”ཅེས་ནན་བཤད་བྱས།
ཉེ་བའི་ལོ་གཉིས་རིང་། ལྷ་སྤྲེལ་སྨན་ཁང་གིས་ད་དུང་ནད་པར་བཙོངས་པའི་སྨན་རྫས་ཀྱི་ཐུམ་སྒྲིལ་ནང་ནད་པའི་བསམ་འཆར་བསྡུ་ལེན་ཤོག་བྱང་བླུགས་ཏེ་ནད་པའི་བསམ་འཆར་བསྡུ་ལེན་གང་མང་བྱས་ནས་སྨན་རྫས་ཕྱིར་འཚོང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་དང་། འཛད་སྤྱོད་པར་འཚམས་འདྲི་ཐེངས་5000བྱས་པ། བསམ་འཆར་བསྡུ་ལེན་གྱི་བྱང་བུ་ཁྲི་ཡན་སྤྲད་ཡོད་པས་འཛད་སྤྱོད་པའི་བློ་ཡིད་ཚིམས་ཚད་མཐོ་རུ་བཏང་སྟེ་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་ཞིག་བཏོད་ཡོད་པ་རེད།
རྩེར་སོན་རྣམ་གྲངས་རྒྱ་བསྐྱེད་ཀྱིས། འཕེལ་རྒྱས་གསར་པའི་རྨང་གཞི་བསྐྲུན།
ཁྱེད་ཀྱིས་ཀུང་སིའི་ཐད་ལ་དཀའ་ངལ་ཚད་མེད་བརྒྱབ་ཡོད་པ་དང་། གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ནས་སྤྱི་ཚོགས་ལ་ལེགས་སྐྱེས་མང་པོ་ཞིག་ཕུལ་ཡོད་པ་རེད། ཕྱིན་ཆད་ཀུང་སིའི་འཕེལ་རྒྱས་ཀྱི་འཆར་གཞི་ཅི་འདྲ་ཞིག་ཡོད་དམ་ཞེས་དྲིས་པས། ཉི་མ་ཚེ་རིང་གིས“ གཡུར་ཟའི་གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ངེད་ཀུང་སིའི་ལས་མི་ཡོངས་ཀྱིས་དཀའ་སྤྱད་འབད་འབུངས་དང་ཕྱར་བ་གྲུ་འདེགས་བྱས་ནས་བྱུང་བ་ཞིག་ཡིན། སླད་ཕྱིན་ངེད་ཀུང་སིས་ད་ཡོད་ཀྱི་ཐོན་རྫས་དག་ཡག་ཐོགས་ཡག་བརྩེགས་ཡོང་བའི་བརྩོན་ལེན་བྱ་རྒྱུ་དང་རྣམ་གྲངས་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་ཏེ། ཀུང་སིའི་འཕེལ་རྒྱས་ཀྱི་འཆར་གཞི་ལྟར་ན། 2018ལོ་ནས་2020བར་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཇོ་མོ་གླང་མའི་གསར་སྤེལ་གསར་འབྱེད་ཀྱི་ཚོད་ལྟའི་ཁུལ་དུ་བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིའི་སྨན་རྫས་ཐོན་སྐྱེད་རྟེན་གཞི་བསྐྲུན་རྒྱུ་དང་། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་ཐོན་ལས་ཁུལ་དུ་ལྷ་སྤྲེལ་བོད་སྨན་ཁང་གི་ལུས་གསོ་བདེ་ཐང་ལྟེ་གནས་དང་ལྷ་སྤྲེལ་ཨར་ཁང་ཆེ་མོ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ་ཡིན”ཞེས་གསུངས།
ཁོང་གིས་ཐོན་ལས་དབུལ་སྐྱོར་དང་འབབ་འཕར་ཕྱུག་འགྱུར་གྱི་བྱ་གཞག་ལ་ཞུགས་རྒྱུ་ནི་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་ཁེ་ལས་འཕེལ་རྒྱས་ཀྱི་དམིགས་ཡུལ་ཡིན་པ་མ་ཟད། ལོ་ངོ་26རིང་ལྷ་སྤྲེལ་སྨན་ལས་ཚད་ཡོད་ཀུང་སི་རིམ་བཞིན་འཕེལ་རྒྱས་བྱུང་བའི་སྒུལ་ཤུགས་ཀྱང་ཡིན། སླད་ཕྱིན་གྱི་ལོ་འགའ་ཤས་རིང་ང་ཚོས་ལྗོངས་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཁེ་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལ་གཞི་ཚུགས་ནས་ཐོན་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་གཞིར་བཟུང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་ཕུལ་རྒྱུ་ཡིན་ལ། ལྗོངས་དང་གྲོང་ཁྱེར་སྲིད་གཞུང་གི་རེ་བ་བློ་ལ་བརྟན་པོར་བཅངས་ནས་ལོ་གསར་པའི་ནང་ངེད་ཀུང་སིའི་ལས་མི་ཡོངས་ཀྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་ངེས་ཡིན་ཞེས་གདེང་ཚོད་ཆེན་པོས་གསུངས།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣